ཁ་པར་གྱི་འཆར་ངོས་བརྙན་ལེན།

ཁ་པར་གི་འཆར་ངོས་བརྙན་ལེན་བྱེད་པ་ནི་ཁ་པར་བེད་སྤྱོད་གཏོང་སྟངས་ཀྱི་ཁྲིད་སྟོན་གློག་བརྙན་བཟོ་ཆེད་དང་། ཁ་པར་ནང་གི་རྩེད་མོ་རྩེད་པའི་སྐབས་རྒྱུད་རིམ་ཇི་ལྟར་ཕྱིན་ཡོད་པ་རྣམས་ཉར་ཚགས་དང་གཞན་ལ་ཆེད་སྟོན་དུ་བེད་སྤྱོད་ཡོང་གི་ཡོད། དྲ་གྲོགས་མང་པོའི་རེ་བསྐུལ་ལྟར་(1)གུས་པས་གཤམ་ལ་ཁ་པར་གྱི་འཆར་ངོས་བརྙན་ལེན་ཇི་ལྟར་བྱེད་དགོས་མིན་གྱི་སྤྱིར་བཏང་འགྲོ་སྟངས་ཞིག་དང་། (2)iPhone/iPad གི་འཆར་ངོས་བརྙན་ལེན་ཐབས། དེ་ནས་(3)ཨན་ཌོའི་ཁ་པར་གྱི་འཆར་ངོས་བརྙན་ལེན་ཐབས་བཅས་ས་གཅད་གསུམ་དུ་འགྲེལ་བརྗོད་བྱེད་ཀྱི་ཡིན།

༡༽ སྤྱིར་བཏང་གི་འགྲོ་སྟངས།

ཐབས་ཤེས་འདི་ནི་ཀུན་གྱི་སྟབས་བདེ་པོའི་ངང་ལག་ལེན་བསྟར་ཐུབ་པ་ཞིག་ཡིན། དེ་ནི་བརྙན་ལེན་དཔར་ཆས་(camera/cam-recorder)ཀྱིས་ཁ་པར་ངོས་སུ་གང་བྱེད་ཀྱི་ཡོད་པ་དེ་དག་གཅིག་གཅིག་གཉིས་གཉིས་བརྙན་དཔར་བརྒྱག་ན་འགྲིག །ལག་བསྟར་འདིས་དགེ་མཚན་དང་སྐྱོན་གྱི་ཆ་འགའ་ཡོད། དགེ་མཚན་གྱི་ཆ་ནི་ཁྱེད་ཀྱི་བརྙན་བརྒྱག་པའི་སྐབས་ཁ་པར་ངོས་སུ་གང་བྱེད་ཀྱི་མཛུབ་སྟོན་གསལ་པོ་ཡོང་ཐུབ་པ་དང་བརྙན་ཟློས་རིགས་ལམ་སེང་བཟོ་ཐུབ། སྐྱོན་གྱི་ཆ་ནི་ཁ་པར་གི་འཆར་ངོས་ཆུང་ཆུང་དེའི་སྟེང་ལག་པ་དང་མཛུབ་མོས་ཕར་འགྲོ་ཚུར་འོང་བྱེད་པའི་སྐབས་འཆར་ངོས་བཀག་སྲིད་པ་དང་། གཡོ་འགུལ་མང་པོ་ཐེབས་པ། དེ་བཞིན་ཁ་པར་ངོས་སུ་ཁང་པའི་གློག་འོད་དང་གྲིབ་གཟུགས་ཆགས་ནས་ཁ་པར་འཆར་ངོས་གསལ་པོ་ལོན་མི་ཐུབ་པ་ཡང་ཡོང་སྲིད།

གོང་གི་སྐྱོན་ཆ་དེ་དག་སེལ་ཆེད་གཤམ་གྱི་གནད་དོན་དེ་དག་ཡིད་ལ་བཟུང་ན་བརྙན་ལེན་སྤུས་ཚད་མཐོ་པོ་ལོན་ཐུབ།
ཁ་པར་གྱི་འོད་མདངས་ auto ལ་འཇོག་རྒྱུའི་འཚབ་ཏུ་སོ་སོས་འོས་འཚམས་ཀྱིས་འོད་འདངས་ཀྱི་ཚད་ཆེ་ཆུང་(Setting > Display)སྒྲིག་དགོས།
ཁ་པར་ལག་ཐོག་ཏུ་ཉར་བ་ལས་གཡོ་འགུལ་མི་འཐེབ་པའི་ཁ་པར་ཙོག་པོར་སློངས་སའི་(stand)སྟེང་འཇོག་ན་ལེགས།
མཛུབ་སྟོན་བྱེད་པའི་སྐབས་ལག་པ་གཙང་མ་ཡོད་ན་བཟང་། གལ་ཏེ་མི་རྒོད་ཀྱི་ལག་པ་ཡིན་ན་འགྱིག་གི་ལག་ཤུབས་གྱོན་པའམ་གློག་སྨྱུག་(stylus pen)སྤྱད་དེ་མཛུབ་སྟོན་བྱེད་ན་ཧ་ཅང་ཡག་པོ་ཡོད།
དེ་ནས་དཔར་ཆས་ཀྱི་གསལ་སྣང་ཐུབ་པའི་རྒྱང་ཚད་ Auto Focus ཟེར་བ་སྒྲིག་སྟེ་ Lock ཟེར་བ་དེའི་ཐོག་འཇོག་དགོས།
སྒྲ་འཇུག་ལེགས་པོ་དང་གསལ་པོ་ཡོང་ཆེད་གཡས་གཡོན་ཁ་ཁུ་སིམ་པོ་དགོས་པ་དང་། བརྙན་ལེན་བྱེད་པའི་རྒྱུད་རིམ་ནང་སྐད་གསང་མཐོ་ཙམ་དང་གསལ་པོ་ཡོང་ཐབས་ལ་འབད་དགོས།
བརྙན་ལེན་ཐད་ཀར་བྱེད་པའི་རྒྱུད་རིམ་ནང་སྐད་གཙང་མ་འཛུལ་གྱི་མིན་འདུག་ན། རྗེས་སུ་གློག་ཀླད་ནང་སྒྲིག་བཟོ་བྱེད་པའི་སྐབས་སྒྲ་བཅུག་གཙང་མ་ཞིག་བསྐྱར་དུ་ལེན་ནའང་འགྲིག
བརྙན་ལེན་དངོས་སུ་མ་ལེན་གོང་ཚོད་ལྟ་རེ་གཉིས་བྱས་ཏེ་འགྲིག་ཡོད་མེད་གཟིགས་དགོས། ཆ་ཚང་ཏག་ཏག་ཡོད་འདུག་བསམ་ན་ད་བཟོད་བརྙན་ལེན་དངོས་འགོ་བཙུགས་ན་འགྲིག
བརྙན་ལེན་ཟིན་རྗེས་སོ་སོའི་གློག་ཀླད་ནང་སྒྲ་དང་བརྙན་བཟོ་བཅོས་དང་སྤུས་ཀ་དག་ཏུ་གཏོང་རྒྱུ་བཅས། མཐའ་མ་དེར་བརྙན་ཟློས་དེ་དྲ་ཐོག་ཏུ་བཅུག་པ་དང་། བརྙན་ཟློས་སོ་སོའི་སྐོར་གྱི་འགྲེལ་བཤད་ཡིག་ཐོག་ཏུ་གསལ་པོ་བཀོད་རྒྱུ་བཅས་ཡིན།

༢༽ iPhone དང་ ipad གི་འཆར་ངོས་བརྙན་ལེན་བྱེད་ཐབས།

iPhone དང་ iPad ཁག་གི་འཆར་ངོས་བརྙན་ལེན་བྱེད་པར་ངེས་པར་དུ་ཀུ་ཤུའི་གློག་ཀླད་དང་མཐུད་ནས་ལས་ཀ་བྱེད་དགོས།

དགོས་མཁོའི་ཆ་རྐྱེན།

iPhone/iPad གི་མ་ལག་ཨང་བརྒྱད་པ་ iOS8 ཡན་ཡིན་དགོས།
ཀུ་ཤུའི་གློག་ཀླད་ཀྱི་མ་ལག་ Mac OS X Yosemite དགོས།
USB-to-Lightning ཟེར་བའི་གློག་མེ་སྤྲོད་བྱེད་ཀྱི་ཏར་སྐུད་དེ་དགོས།
ཀུ་ཤུའི་གློག་ཀླད་ནང་རང་བསྒྲིགས་སུ་ཡོད་པའི་ Quick Time མཉེན་ཆས།

འགྲོ་ལུགས།

1) iPhone/iPad ཏར་སྐུད་རྒྱུད་གློག་ཀླད་དང་མཐུད་དགོས།
2) Quick Time མཉེན་ཆས་ཁ་ཕྱེ། མཉེན་ཆས་དེའི་སྡེ་ཚན་ File>New Movie Recording ལ་གནོན།

3) དེ་ནས་གཤམ་གྱི་དཔེ་མཚོན་གྱི་རི་མོ་ལྟར་ཁ་པར་འཆར་ངོས་དེ་གློག་ཀླད་ཀྱི་སྟེང་དུ་ཤར་ངེས།

4) ཁ་པར་གྱི་འཆར་ངོས་བརྙན་ལེན་བྱེད་དགོས་ན། དཀྱིལ་གྱི་དམར་རྟགས་(record)དེ་སྟེང་གཅིག་གནོན་དགོས། QuickTime གི་བརྙན་ལེན་མཉེན་ཆས་དེའི་སྟེང་འདེམས་གའི་ནང་བརྙན་གྱི་སྤུས་ཚད་མཐོ་དམན་སོགས་སྒྲིག་ས་ཡོད་པས་དེ་དག་སོ་སོའི་དགོས་མཁོ་ལ་གཞིག་སྟེ་སྒྲིག་ན་འགྲིག
5) བརྙན་ལེན་ཟིན་ན་དཀྱིལ་གྱི་དམར་རྟགས་དེར་གནོན་དེ་བརྙན་ལེན་མཚམས་འཇོག་དང་། དེ་ནས་བརྙན་དེ་ཉར་ཚགས་བྱེད་དགོས། File>Save

iPhone/iPad གི་འཆར་ངོས་བརྙན་ལེན་བྱེད་སྟངས་འདི་ནི་སྟབས་བདེ་ཤོས་ཞིག་རེད། QuickTime མ་ཡིན་པའི་མཉེན་ཆས་གཞན་ Camtasia དང་ Screenflow ཟེར་དེ་དག་ལ་བརྙན་ལེན་ཐུབ་པ་ཙམ་དུ་མ་ཟད་སློབ་ཁྲིད་ཀྱི་བརྙན་ཟློས་བཟོ་རྒྱུའི་མཐུན་རྐྱེན་འཛོམས་པོ་ཡོད་པས་དེ་དག་ཀྱང་ཁྱེད་ཀྱིས་ཚོད་ལྟ་བྱས་ཆོག

༣༽ ཨན་ཌོའི་ཁ་པར་གྱི་འཆར་ངོས་བརྙན་ལེན་བྱེད་ཐབས།

ཨན་ཌོའི་ཁ་པར་གྱི་འཆར་ངོས་བརྙན་ལེན་བྱེད་པར་ངེས་པར་དུ་གློག་ཀླད་དང་མཐུད་མི་དགོས། ཨན་ཌོའི་ཁ་པར་སོ་སོའི་ནང་ཨན་ཌོའི་མཉེན་ཆས་ app སྤུས་ལེགས་རེ་སྒྲིག་བཅུག་བྱས་རྗེས་མཉེན་ཆས་དེ་ཡིས་་ཁ་པར་གྱི་འཆར་ངོས་བརྙན་ལེན་བྱེད་ཐུབ། གཤམ་ལ་ཨན་ཌོའི་ཁ་པར་བརྙན་ལེན་བྱེད་ཐུབ་པའི་མཉེན་ཆས་ལེགས་གྲས་བཞི་ངོ་སྤྲོད་བྱེད་ཀྱི་ཡིན། མཉེན་ཆས་དེ་དག་ལས་ཀ་བྱེད་ཐུབ་རྒྱུར་ཁྱེད་ཀྱི་ཁ་པར་དེ་ཨན་ཌོའི་མ་ལག་ཨང་ 5.1 གམ་ Lollipop མ་ལག་ཡིན་དགོས། (ཁ་པར་རུ་ཊིང་(rooting)བྱས་ཟིན་པའི་ཨན་ཌོའི་མ་ལག་ཨང་ 4.4 གམ་ Kitkat མ་ལག་ཡིན་ན་གཤམ་གྱི་མཉེན་ཆས་དེ་དག་བེད་སྤྱོད་བྱེད་ཐུབ་ཀྱི་འདུག)

Mobizen

མཉེན་ཆས་འདི་ནི་ངའི་དགའ་ཤོས་ཀྱི་མཉེན་ཆས་གཅིག་ཡིན། ཁ་པར་སྐོར་གྱི་འཁྲིད་སྟོན་གྱི་བརྙན་ཟློས་རྣམས་མཉེན་ཆས་དེ་བེད་སྤྱོད་བྱེད་ཀྱི་ཡོད། mobizen གི་མཉེན་ཆས་དེ་ཨན་ཌོའི་ཁ་པར་ནང་སྒྲིག་བཅུག་ཟིན་པ་དང་། ཁ་པར་རང་གི་སྟེང་དུ་བརྙན་ལེན་ཐུབ་ཀྱི་འདུག །དེའི་སྟེང་ད་དུང་མཉེན་ཆས་དེ་ནི་རིན་མེད་ཡིན་པ་དང་རིན་པ་སྤྲོད་ནས་ཉོ་དགོས་པའི་མཉེན་ཆས་ལས་ཀྱང་ལྷག་པ་འདུག །བརྙན་ལེན་དུས་ངེས་མེད་དུ་ལེན་ཐུབ་པ་དང་མཉེན་ཆས་འདི་ཡི་setting གི་སྡེ་ཚན་ནས་བརྙན་དཔར་གྱི་སྤུས་ཚད་འདྲ་མིན་སྒྲིག་རྒྱུ་ཡོད། མཉེན་ཆས་ཀྱི་ལས་རྟགས་མངོན་རྒྱུའི་འཚབ་ཏུ་སོ་སོའི་ལས་རྟགས་འཇོག་རྒྱུ་ཡོད། གལ་ཏེ་འཁྲིད་མཁན་གྱི་ངོ་གདོང་བསྟན་དགོས་ན་ཁ་པར་མདུན་ངོས་ཀྱི་དཔར་ཆས་དེ་སྤྱོད་ཆོག །བརྙན་ལེན་ཟིན་པ་རྣམས་ཟུར་འཇོག་དང་འབྲེག་བཏུབ་བྱེད་རྒྱུ་ཡོད། གལ་ཏེ་གློག་ཀླད་དང་མཐུད་དེ་ཁ་པར་གྱི་འཆར་ངོས་བརྙན་ལེན་འདོད་ན་མཐུན་རྐྱེན་དེ་ཡང་ཡོད། ཁྱེད་ཀྱིས་མཉེན་ཆས་དེའི་དྲ་གནས་ www.mobizen.com ལ་ལྟ་ན། དྲ་གནས་དེ་ནས་སྐད་ཡིག་འདྲ་མིན་རྒྱུད་མཉེན་ཆས་ཕབ་ལེན་བེད་སྤྱོད་བྱེད་སྟངས་ཁ་གསལ་བཀོད་འདུག་པས་སུས་ཀྱང་བདེ་བླགས་ངང་ཤེས་ཐུབ་པ་འདུག

SCR Screen Recorder

མཉེན་ཆས་འདི་རིན་མེད་དང་། རུ་ཊིང་མ་བྱས་པའི་ཁ་པར་ kitkat ལ་ཡང་བརྙན་ལེན་དུས་ངེས་མེད་དུ་བྱས་ཐུབ། མཉེན་ཆས་དེ་ཕབ་ལེན་བྱེད་པར་དྲ་གནས་ www.scr-screen-recorder.com འདིར་འགྲོ་དགོས་པས་གུ་གུལ་གྱི་མཉེན་ཆས་ཕབ་ལེན་བྱེད་ས་ Playstore ནང་མིན་འདུག

AZ Screen Recorder

མཉེན་ཆས་དེ་སྤྱོད་རྒྱུར་ཁྱེད་ཀྱི་ཁ་པར་མ་ལག་ཨན་ཌོ་5.0 Lollipop དང་དེ་ལས་མཐོ་བ་ཡིན་དགོས། ཁ་པར་རུ་ཊིང་བྱེད་མི་དགོས། ཁ་པར་གྱི་འཆར་ངོས་བརྙན་ལེན་ལེགས་པོ་བྱེད་ཐུབ། བརྙན་ལེན་བྱེད་པའི་སྐབས་ Setting སྡེ་ཚན་ནས་བརྙན་གྱི་སྤུས་ཚད་སྒྲིག་ས་ཡོད། མཉེན་ཆས་དེ་རིན་མེད་དུ་སྤྱོད་ཆོག །གལ་ཏེ་བརྙན་ལེན་བྱེད་པའི་སྐབས་འཁྲིད་མཁན་གྱི་ངོ་གདོང་འཇུ་ཆེད་ཀྱི་མཐུན་རྐྱེན་དེ་དགོས་ན་ཨ་སྒོ་ 2.99 སྤྲོད་ནས་ཉོ་དགོས་ཀྱི་ཡོད།

Unlimited Screen Recorder

གོང་གི་མཉེན་ཆས་ཁག་དང་འདྲ་བ་མཉེན་ཆས་དེ་ཨན་ཌོ་མ་ལག་ཨང་ 5.0 Lollipop དང་དེ་ལས་མཐོ་བ་རྣམས་ཀྱི་ནང་བེད་སྤྱོད་བྱེད་ཐུབ། བརྙན་ལེན་དུས་ངེས་མེད་དུ་བྱེད་རྒྱུ་ཡོད་པ་དང། བརྙན་ལེན་བྱེད་སྐབས་སྤུས་ཚད་ཆེ་ཆུང་སྒྲིག་རྒྱུ་ཡོད། བརྙན་ལེན་ཟིན་པ་རྣམས་ཁ་པར་གྱི་གསོག་ཆས་ SD-Card ནང་གསོག་འཇོག་བྱེད་ཀྱི་ཡོད། མཉེན་ཆས་དེ་ནི་རིན་མེད་དུ་སྤྱོད་ཆོག

ཁ་པར་གྱི་འཆར་ངོས་བརྙན་ལེན་བྱེད་པའི་འགྲོ་སྟངས་དང་ཐབས་ཤེས་དེ་བཞིན་མཉེན་ཆས་ལེགས་གྲས་གཞན་ཡང་ཡོད་སྲིད་པས། དེ་དག་ལ་ཚོད་ལྟ་བྱེད་ཞོར་བློ་སྐྱེས་གསར་པ་རྣམས་གཤམ་གྱི་མཆན་ནང་བཀོད་རྒྱུ་མ་བརྗེད་རོགས།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

One Response

  1. གློག་ཀླད་སྐོར་གྱི་སློབ་སྟངས་ཧ་ཅང་ཡག་པོ་འདུག གོ་སླ་ཡང་ནང་དོན་བསྡུས་པ་ཞིག་རེད། ད་སྐབས། ངས་ཉིན་རེ་བཞིན་བལྟ་བཞིན་ཡོད། ང་ནི་ཧྥ་རན་སུ་ན་ཡོད། ཕན་ཐོགས་ཆེ་བ་འདུག བཀའ་དྲིན་ཆེ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།