Window 7 སྐད་ཡིག་བརྗེ་འགྱུར་བྱེད་སྟངས།

Uncategorized

ཉེ་ཆར་གྲོགས་པོ་ཞིག་གིས་སྐར་ཁུང་བདུན་པ་རྒྱ་ཡིག་བྱས་པ་ཞིག་དབྱིན་ཡིག་ནང་འགྱུར་ཐུབ་ཐབས་ཀྱི་རེ་སྐུལ་བྱས་པར་བརྟེན། དྲ་ཐོག་ནས་ལྟ་ཀློག་དང་ཉམས་ཞིབ་ཕྲན་བུ་ཞིག་བྱས་མཐར་སྐར་ཁུང་གི་སྐད་ཡིག་བརྗེ་འགྱུར་ཐད་རྩོམ་ཡིག་འདི་ཕྲལ་མར་སྤེལ། གལ་ཏེ་སོ་སོའི་སྐར་ཁུང་དེ་ Window 7 Ultimate ཡིན་ན་འོག་གི་ཚོད་ལྟ་དང་པོ་དེ་ཡིས་འགྲིག་གི་འདུག །ཚོད་ལྟ་དང་པོ་དེ་ལམ་ལྷོང་ཡོང་རྒྱུར་ངེས་པར་དུ་དྲ་རྒྱའི་མཐུན་རྐྱེན་མྱུར་པོ་དང་ཧ་ཅང་ཡག་པོ་ཡོད་དགོས། ཚོད་ལྟ་དང་པོ་དེའི་ནང་སྐར་ཁུང་བདུན་པ་རིམ་སྤར་ (update) བྱེད་དགོས་པ་བརྟེན་ཕབ་ལེན་བྱེད་རྒྱུ་མང་པོ་ཡོང་སྲིད་ལ་དུས་ཡུན་ཡང་མང་པོ་འགོར་གཞི་ཆགས་སྲིད། གལ་ཏེ་དྲ་རྒྱའི་མཐུན་རྐྱེན་ཡག་པོ་མེད་ན་འོག་གི་ཚོད་ལྟ་གཉིས་པ་དེ་སྤྱད་དགོས།

སེམས་ལ་འཇོག་དགོས་པ།

ཚོད་ལྟ་དང་པོ་དེ་སྤྱད་རྒྱུར་ Window 7 Ultimate ཡིན་ཁར་དྲ་རྒྱའི་མཐུན་རྐྱེན་ཧ་ཅང་ཡག་པོ་ཡོད་དགོས།

སེམས་ལ་འཇོག་དགོས་པ།

ཚོད་ལྟ་གཉིས་པས་སྐར་ཁུང་བདུན་པ་ Ultimate, Professional, Home Edition, Starter བཅས་ཡོངས་རྫོགས་ནང་སྐད་ཡིག་བརྗེ་འགྱུར་ཐུབ་པ་ཡིན།

ཚོད་ལྟ་དང་པོ། དབྱིན་ཡིག་གི་སྐར་ཁུང་ཞིག་རྒྱ་ཡིག་གི་སྐར་ཁུང་ལ་འགྱུར་སྟངས།

མི་གཞན་གྱི་གློག་ཀླད་ནང་ཐད་ཀར་ལག་པ་མ་འཆང་རྒྱུའི་ཚབ་ཏུ་དང་ཐོག་ངས་སོ་སོའི་གློག་ཀླད་གཅིག་གི་ནང་ཚོད་ལྟ་བྱས་པ་ཡིན། དེ་ཡང་ངའི་གློག་ཀླད་ནི་སྐར་ཁུང་བདུན་པ་ Ultimate ཡིན་པ་དང། སྐད་ཡིག་དང་པོ་ནི་དབྱིན་ཡིག་ཐོག་ཡོད། ངས་དབྱིན་ཡིག་གི་སྐར་ཁུང་ཚབ་ཏུ་རྒྱ་ཡིག་ནང་འགྱུར་རྒྱུར་ཧ་ཅང་ལམ་ལྷོང་བྱུང་སོང་། གཙོ་བོ་གློག་ཀླད་ནང་སྐད་ཡིག་གི་ཡིག་ཆ་ (དབྱིན་ཡིག་ནང་ Language Pack) དེ་ཕབ་ལེན་སྒྲིག་འཇུག་ཐུབ་ན་འགྲིག་འདུག

འགྲོ་སྟངས།

  1. སྐར་ཁུང་ངོས་ལས་ Control Panel > Change Display Language > Keyboard and Languages > Display Language > Install/uninstall language
    ཤེས་རྟོགས་བྱུང་བ་ཞིག་ནི། Window 7 Ultimate མ་ཡིན་པའི་སྐར་ཁུང་རིགས་གཞན་ Professional དང་ Starter, Home Edition ཟེར་བ་དེ་དག་ལ་གོང་གི་ Install/uninstall language ཟེར་བའི་འདེམས་ག་འདི་མི་འཆར། འདིར་བརྟེན་ སྐད་ཡིག་གང་ཞིག་བཅུག་དགོས་ཚེ་འོག་གི་ཚོད་ལྟ་གཉིས་པར་གཟིགས་རོགས།
  2. གལ་ཏེ་སྐར་ཁུང་ Window 7 Ultimate ཡིན་ན་མུ་མཐུད་གཤམ་གྱི་འགྲོ་ལུགས་ལྟར་བྱེད། གོང་གི་ Install/unstall language གི་འདེམས་ག་འདིར་གནོན་རྗེས་འདེམས་སྒྲོམ་གཞན་ཞིག་འཆར་འོང་དེའི་སྟེང་ Install Display Language > Launch Window Update
  3. དེ་ལྟར་སྐར་ཁུང་རིམ་སྤར་བྱེད་སའི་སྒྲོམ་སྟེགས་ཐོག་སླེབས་ངེས། དེ་ནས་རིམ་སྤར་བྱེད་རྒྱུ་ཡོད་མེད་ལ་གཟིགས་ཆེད། Check for updates ལ་གནོན། དེ་ནས་ Optional updates are available ནང་ངོས་སུ་སྐད་ཡིག་འདེམས་གའི་ནང་ཚན་ལས་སོ་སོ་ལ་དགོས་པའི་སྐད་ཡིག་གང་དགོས་དེ་འདེམས། ངས་འདིར་རྒྱ་ཡིག་གཅིག་པུ་འདེམས་པ་ཡིན། དེ་རྗེས་ OK ལ་གནོན་ནས་ Install Update བྱེད་ན་འགྲིག།
  4. Window 7 Language Packs > Chinese (Simplified) Language Pack – Window 7 (KB972813) > OK > Install Updates
  5. སྐད་ཡིག་གི་ཡིག་ཆ་རེ་ལ་ 150MB ཙམ་ཡིན། འདུག་ཕབ་ལེན་དང་སྒྲིག་འཇུག་བྱེད་རྒྱུར་དུས་ཡུན་ཏོག་ཙམ་འགོར་སྲིད། དེ་མིན་སྐར་ཁུང་ Window 7 Ultimate ནང་སྐད་ཡིག་གསར་འཇུག་བྱེད་རྒྱུ་ནི་ཐད་ཀར་དང་ཧ་ཅང་སྟབས་བདེ་རེད་འདུག
  6. སྐད་ཡིག་སྒྲིག་འཇུག་ཟིན་པ་དང། བསྐྱར་དུ་ Control Panel > Change Display Language > Keyboard and Languages > Display Language >ཐོག་ལ་འགྲོ་དགོས། ད་རན་འདིར་སྐད་གཉིས་ཀྱི་འདེམས་ག་འཆར་རྒྱུ་ཡོད། དབྱིན་ཡིག་དང་རྒྱ་ཡིག་རེད།
  7. སྐར་ཁུང་གི་སྐད་ཡིག་རྒྱ་ཡིག་ཐོག་འཇོག་ནས་ Apply ལ་གནོན་མ་ཐག་སྐར་ཁུང་ཁ་བརྒྱག་ནས་བསྐྱར་དུ་ཁ་ཕྱེ་ངེས་རེད། ཁ་ཕྱེ་ནས་ལྟ་ན་སྐར་ཁུང་གི་སྐད་ཡིག་འགྱུར་ཟིན་པ་མཐོང་ཐུབ།

རི་མོའི་ལམ་ནས་འགྲོ་སྟངས།

ཚོད་ལྟ་གཉིས་པ། རྒྱ་ཡིག་གི་སྐར་ཁུང་ཞིག་དབྱིན་ཡིག་གི་སྐར་ཁུང་ལ་འགྱུར་སྟངས།

སྤྱིར་བཏང་སྐར་ཁུང་གི་སྐད་ཡིག་ཕར་འགྱུར་ཚུར་འགྱུར་བྱེད་དགོས་ན་གོང་གི་ཚོད་ལྟ་དང་པོ་ལྟར་འགྲོ་ལུགས་གཅིག་པ་རེད། འོན་ཀྱང་ངའི་གྲོགས་པོ་དེའི་གློག་ཀླད་ནང་ Window 7 Professional ཡིན་འདུག་པས་གོང་གི་ཚོད་ལྟ་དང་པོ་ལྟར་སྐར་ཁུང་ངོས་ལས་ Control Panel > Change Display Language > Keyboard and Languages > Display Language > Install/uninstall language འགྲོ་སྐབས་འདིར་ Install/uninstall language ཟེར་བའི་འདེམས་ག་འདི་མཐོང་རྒྱུ་ཞིག་མིན་འདུག སྐར་ཁུང་ Window 7 Ultimate མ་ཡིན་པ་རྣམས་ལ་འདེམས་ག་འདི་མེད་པ་རེད་འདུག

དེར་བརྟེན་གནད་དོན་འདི་སེལ་་ཆེད་དང་པོ་དྲ་རྒྱ་ཐད་ཀར་མཐུད་དེ་ Window Update སྒྲོམ་སྟེགས་ངོས་ནས་སྐད་ཡིག་སྒྲིག་འཇུག་ཐུབ་མིན་ལ་ལྟས་པ་ཡིན། དྲ་རྒྱའི་མཐུན་རྐྱེན་ལེགས་པོ་མེད་སྟབས་དུས་ཡུན་འགོར་གཞི་ཞིག་དང་སྟབས་མ་ལེགས་པ་བྱུང་། དེ་བརྟེན་དྲ་ཐོག་ནས་ཐད་ཀར་སྐར་ཁུང་གི་སྐད་ཡིག་ཡིག་ཆ་(language pack)ལོན་རྒྱུའི་ཚབ་ཏུ་དྲ་གནས་གཞན་ནས་སྐད་ཡིག་ཕབ་ལེན་ཐུབ་ཐབས་དང་སྒྲིག་འཇུག་བྱེད་རྒྱུ་ཡོད་མེད་ཏོག་ཙམ་འཚོལ་བཤེར་བྱས་པ་ཡིན།

འདིར་ངས་དྲ་ཐོག་ནས་སྐད་ཡིག་ཡིག་ཆ་(language pack)ཕབ་ལེན་བྱེད་སའི་དྲ་གནས་ལེགས་པོ་གསུམ་རྙེད་བྱུང་།

www.microsoft.com

ཕྲ་མཉེན་ཚང་གི་གཞུང་ཕྱོགས་དྲ་ཚིགས་འདིར་སྐད་ཡིག་ཆ་ཚང་ཡོད་དགོས་ཀྱང་། ཞིབ་ཕྲ་ལྟ་ལྟ་སྐབས་སྐད་ཡིག་ཡིག་ཆ་འགའ་ཤས་ཡོད་ཀྱང་འགའ་ཤས་མེད་པ་ལྟར་ཆ་ཚང་ཞིག་མིན་འདུག །དམིགས་གསལ་དབྱིན་ཡིག་གི་སྐད་ཡིག་ལོན་ས་མིན་འདུག སྐད་ཡིག་ཕབ་ལེན་བྱེད་སའི་དྲ་གནས་ནི།
འདིར་གཟིགས།
https://support.microsoft.com/en-in/help/14236/language-packs

www.itechtics.com

དྲ་གནས་འདིར་སྐར་ཁུང་གི་རྣམ་བཞང་ 32Bits དང་ 64Bits གཉིས་ཀའི་ཆེད་སྐད་ཡིག་ཆ་ཚང་ཕབ་ལེན་ཆད་ཀར་ཐུབ་པ་མ་ཟད་ཡིག་ཚང་མཉེན་ཆས་ Office Suite ཆེད་དུའང་་སྐད་ཡིག་ཡིག་ཆའི་རིགས་ཀྱང་འདུག ཚོད་ལྟ་བྱེད་འོས་པ་ཞིག་མཐོང་། སྐད་ཡིག་ཁོ་ན་ལོན་དགོས་ན་དྲ་གནས་འདི་ཡིས་འགྲིག
འདིར་གཟིགས། https://www.itechtics.com/windows-7-sp1-language-packs-direct-download-links-kb2483139/

www.froggie.sk

དྲ་གནས་འདིརི་སྐར་ཁུང་བདུན་པ་ Ultimate, Professional, Home Edition, Starter བཅས་ཀྱི་ཆེད་དུ་སྐད་ཡིག་སྒྲིག་འཇུག་དང་འབྲེལ་བའི་སྐད་ཡིག་ཡིག་ཆ་ཆ་ཚང་ཡོད་པ་མ་ཟད། ཆེད་དུ་མཉེན་ཆས་ Vistalizator.exe ཟེར་བའི་དམིགས་བསལ་མཉེན་ཆས་གཅིག་ཀྱང་བཞག་འདུག །མཉེན་ཆས་དེ་སྤྱད་དེ་སྐར་ཁུང་ནང་སྐད་ཡིག་གང་འདོད་དུ་བཅུག་རྒྱུ་འདུག
འདིར་གཟིགས།
http://www.froggie.sk/download.html

སྐར་ཁུང་ཆེད་སྐད་ཡིག་ཡིག་ཆ་ག་ནས་ལེན་ཀྱང་ཁྱད་པར་མེད། གཙོ་བོ་སོ་སའི་སྐར་ཁུང་བདུན་པའི་རྣམ་གཞག་ 32Bits དང་ 64Bits གང་ཞིག་ཡིན་མིན་དང། སྐད་ཡིག་ཡིག་ཆ་དེ་དང་དེ་བཞིན་མཐུན་པ་ཞིག་ཕབ་ལེན་བྱས་ན་འགྲིག

ཕབ་ལེན་ཟིན་རྗེས། གོང་འདིར་གསལ་བའི་དྲ་གནས་གསུམ་ལས་ http://www.froggie.sk/download.html ཐོག་བསྐྱོད་དེ་ Vistalizator ཟེར་བའི་མཉེན་ཆས་དེ་སྤྱད་དེ་སྐད་ཡིག་སྒྲིག་འཇུག་ཐུབ་ཀྱི་འདུག །Vistalizator མཉེན་ཆས་དེ་ནས་སྟབས་བདེ་པོ་དང་ཐད་ཀར་བེད་སྤྱོད་བྱེད་རྒྱུ་ཡོད། མཉེན་ཆས་འདི་ཁ་ཕྱེ་རྗེས། Add Language ཐོག་གནོན་ནས་ད་གིན་ཕབ་ལེན་བྱས་པའི་སྐད་ཡིག་སྒྲིག་འཇུག་བྱེད་དགོས། སྒྲིག་འཇུག་ཟིན་པ་དང་སྐད་ཁུང་གི་སྐད་གང་ཞིག་དང་པོ་འཇོག་དགོས་པ་དེའི་ཐོག་ Change ཟེར་བའི་ཐོག་གནོན་ན་ཆ་ཚང་འགྲིག་པ་རེད།

སྐར་ཁུང་སྒོ་རྒྱབ་ནས་བསྐྱར་དུ་ཁ་འབྱེད་དུས་སྐད་ཡིག་འགྱུར་ཟིན་པའོ།

རི་མོའི་ལམ་ནས་འགྲོ་སྟངས།

 

 


Leave a Reply

Your email address will not be published. Required fields are marked *