མཉེན་ཆས་འདི་ཅི་ཞིག་རེད།
EVERYTHING ཟེར་བའི་མཉེན་ཆས་དེ་ནི་ཁྱེད་རང་གི་གློག་ཀླད་ནང་ངོས་ཀྱི་ཡིག་ཆ་ཡོད་ཚད་འཚོལ་བཤེར་བྱེད་ཐུབ་པའི་མཉེན་ཆས་ཆུང་ཆུང་ཞིག་ལ་ནུས་པ་ཆེ་ཆེར་ལྡན་པ་ཞིག་ཡིན། གལ་ཏེ་ཁྱེད་ཀྱི་མཉེན་ཆས་འདི་སོ་སོའི་གློག་ཀླད་ནས་ཐེངས་གཅིག་བེད་སྤྱོད་བྱས་ཚར་ན་ད་ནས་བཟུང་མཉེན་ཆས་འདི་ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་གཞུང་ལས་མཉེན་ཆས་ (MS Word) ལྟར་མེད་དུ་མི་རུང་བའི་སྟབས་བདེ་མཉེན་ཆས་ཞིག་ཏུ་འགྱུར་ངེས་རེད།
མཉེན་ཆས་འདི་ཆེ་ཆུང་ 2MB ཙམ་ལས་མེད། གློག་ཀླད་ནང་བཅུག་ཚེ་གློག་ཀླད་འགོར་པོ་ཆགས་པ་སོགས་ཀྱི་གནད་དོན་ཡོང་མི་སྲིད། མཉེན་ཆས་འདིའི་དྲ་ཚིགས་ཨ་མ་ནི་ www.voidtools.com ཡིན། ད་ལྟའི་ཆར་སྐར་ཁུང་གི་གློག་ཀླད་ཁོ་ནའི་ཆེད་བཟོས་འདུག །མ་འོངས་པར་ Mac དང་ Linux སོགས་ཀྱི་ཆེད་དུའང་མཉེན་ཆས་འདི་ཕབ་ལེན་སྒྲིག་འཇུག་བྱེད་རྒྱུ་བཟོ་ཐུབ་ན་ཤིན་ཏུ་ལེགས་དྲན། ཀུ་ཤུ་གློག་ཀླད་བེད་སྤྱོད་བྱེད་མཁན་ཚོས་མཉེན་ཆས་འདི་ངེས་པར་བེད་སྤྱོད་གཏོང་འདོད་ན། WineBottler ཟེར་བའི་མཉེས་ཆས་རྒྱུད་དེ་ EVERYTHING ཟེར་བའི་སྐར་ཁུང་གི་མཉེན་ཆས་འདི་སྒྲིག་འཇུག་ཐུབ་ཐབས་ཞིག་བྱས་ཆོག
གུས་པས་མཉེན་ཆས་འདི་ལོ་ཤས་སྔོན་ནས་བེད་སྤྱོད་བྱས་མྱོང་། ཕྱིས་སུ་ལས་རོགས་གཅིག་པ་མང་པོར་ངོ་སྤྲོད་བྱས་ནས་ཁོང་རྣམ་པ་ཚོ་ལ་ཡང་མཉེན་ཆས་འདི་བེད་སྤྱོད་ཆེན་པོ་འབྱུང་བཞིན་ཡོད་པ་མཐོང་བྱུང། མཉེན་ཆས་དེ་སོ་སོའི་གློག་ཀླད་ནང་ཡོད་ན་ཡིག་ཆ་སོགས་འཚོལ་བཤེར་བྱེད་རྒྱུར་ཧ་ཅང་མགྱོགས་པོ་དང་སྤྱོད་སྒོ་བདེ་པོ་འདུག
སྤྱིར་གློག་ཀླད་ནང་གི་ཡིག་ཆ་ཡོངས་རྫོགས་ནས་འཚོལ་བཤེར་བྱེད་ཐུབ་རྒྱུ་ཡོད་ཁར། ཕྱི་ལོགས་ནས་མཐེབ་སྡེར་དང་གསོག་སྡེར་ཅི་འདྲ་ཞིག་གློག་ཀླད་ལ་མཐུད་མ་ཐག་དེའི་ནང་ངོས་ཀྱི་ཡིག་ཆ་ཡང་འཚོལ་བཤེར་ཐུབ་རྒྱུ་འདུག །
མཉེན་ཆས་འདིའི་དགེ་མཚན་ཆེ་ཤོས་ནི། འཚོལ་དགོས་པའི་ཡིག་ཆ་ཞིག་གི་མིང་འབྲི་མ་ཐག་སྐར་ཆ་གཅིག་གཉིས་ནང་གློག་ཀླད་ཀྱི་ཁུངས་ཡོད་ཚད་ནས་རང་ལ་དགོས་པའི་ཡིག་ཆ་དེ་རྙེད་ཀྱི་འདུག །གལ་ཏེ་ཡིག་ཆའི་མིང་གཅིག་པ་བྱས་པ་དེ་འདྲ་གཉིས་གསུམ་ཡོད་ན། ཡིག་ཆ་དེ་ཐོག་མར་བཟོ་ཚེས་དང་། བར་དུ་འགྱུར་བ་བཏང་ཚེས། ཉེ་དུས་ཁ་ཕྱེ་ཚེས་སོགས་ལྟ་བསྡུར་བྱེད་ས་འདུག །དེས་ཡིག་ཆ་གསར་ཤོས་དང་རང་ལ་དགོས་ངེས་ཀྱི་ཡིག་ཆ་དེ་གང་ཡིན་ནོར་འཛོལ་མི་ཡོང་བའི་ཁྱད་པར་འདུག
ལས་དང་པོ་བ་ཚོས། མཉེན་ཆས་ཆུང་ཆུང་འདི་ཐད་ཀར་བེད་སྤྱོད་བཏང་ན་འགྲིགས་མོད། གལ་ཏེ་མཉེན་ཆས་འདིའི་ནུས་པ་ཆ་ཚང་བེད་སྤྱོད་བྱེད་སྟངས་ཤེས་འདོད་ན། མཉེན་ཆས་འདིའི་དྲ་ཚིགས་ཨ་མའི་ནང་ལྟ་ཀློག་འདྲ་བྱེད་ཐུབ་ན་ཧ་ཅང་ཡག་པོ་འདུག །ཤེས་བྱ་མང་དག་འདུག
མཉེན་ཆས་འདི་བོད་སྒྱུར་བྱེད་དགོས་དོན།
མཉེན་ཆས་འདི་ལེགས་ཆ་གོང་དུ་བཤད་ཟིན། འོན་ཀྱང་འདིའི་སྐྱོན་ཆ་ནི་བོད་ཡིག་ཐོག་འཚོལ་བཤེར་བྱེད་དགོས་ན། བོད་ཡིག་ཧ་ཅང་ཆུང་ཆུང་ཆགས་ནས་མི་གསལ་བ་ཆགས་ཀྱི་འདུག །དེར་བརྟེན་ངས་མཉེན་ཆས་འདིའི་ཐོག་བོད་ཡིག་བརྒྱབ་སྐབས་ཡིག་གཟུགས་ཏག་ཏག་ཅིག་སླེབས་ཐབས་སུ་ཚོད་ལྟ་འདྲ་མིན་བྱས་པ་ཡིན། དེ་རྗེས་ངས་བསམ་ཞིབ་ནན་པོ་བྱས་སྐབས་མཉེན་ཆས་འདིའི་སྡེ་ཚན་དང་། གནོན་ས་སོགས་ཡོད་དོ་ཅོག་བོད་ཡིག་ནང་སྒྱུར་ཐུབ་ན། བོད་པ་ཚང་མར་ཕན་ཐོགས་ཡོང་ངེས་དྲན་ནས། མཉེན་ཆས་ལེགས་པོ་འདི་བོད་སྒྱུར་བྱེད་རྒྱུའི་ཆོད་སེམས་བཙུགས་པ་ཡིན།
མཉེན་ཆས་དེ་བཟོ་མཁན་ནི་སྐུ་ཞབས་ David Carpenter ཡིན་པ་དང། ལོ་སྔོན་མར་གློག་འཕྲིན་ཐོག་ཁོང་དང་འབྲེལ་བ་བྱས་ནས། མཉེན་ཆས་འདི་ཉིད་གུས་པས་དང་བླང་ཐོག་བོད་སྒྱུར་བྱེད་རྒྱུའི་སྐོར་བཤད་པ་ཡིན། མཉེན་ཆས་བདག་པོས་ཀྱང་ཕྱོགས་ཡོངས་ནས་དགོས་མཁོའི་ཡིག་ཆ་དང་གསལ་བཤད་དང་སྒྱུར་སྟངས་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་བྱུང་། དེ་ནས་རང་གི་དུས་ཚོད་སྟོང་པའི་ནང་མཉེན་ཆས་འདི་བོད་སྒྲུར་བྱས་པ་ཡིན།
དེ་རིང་གནམ་གཤིས་གྲང་ངར་ཆེ་ཙམ་དང་། དགུན་ཆར་ཡང་ཏོག་ཙམ་བབས་ཀྱི་འདུག།།འོན་ཀྱང་གུས་པར་མཚོན་ན་ནི་ཉི་མ་བཟང་པོ་ཞིག་རེད། མཉེན་ཆས་ཡག་པོ་འདི་ད་རིང་བོད་སྒྱུར་ཆ་ཚང་བསྒྲུབས་ཐུབ་སོང་། མཉེན་ཆས་འདི་བོད་གྲོགས་ཡོངས་ལ་ལོ་གསར་པའི་ལེགས་སྐྱེས་ཚུལ་དུ་ཕུལ་བ་ཡིན་པས། ཁྱེད་རྣམས་ལ་ཕན་ཐོགས་ཡོང་བའི་རེ་བ་ཡོད།
ངའི་ཡུ་ཊུབ་དྲ་གནས་ www.YouTube.com/hisonamawa ནང་བརྙན་གྱི་ལམ་ནས་མཉེན་ཆས་སྒྲིག་འཇུག་བྱེད་སྟངས་དང་། དམིགས་བསལ་གྱི་བེད་སྤྱོད་གཏོང་སྟངས་ཁག་ཁ་ཤས་ངོ་སྤྲོད་བྱེད་ཡོད་པས་ཤེས་བདེ་པོ་ཡོང་ངེས་དྲན།
མཉེན་ཆས་ཕབ་ལེན།
EVERTHING མཉེན་ཆས་སྒྲིག་འཇུག་བྱེད་སྟངས།
མཉེན་ཆས་ཕབ་ལེན་ཟིན་པ་དང། ཡིག་ཁུག་ནང་མཁོ་ངེས་ཀྱི་ཡིག་ཆ་ལྔ་ཡོད།
དང་པོ།
མཉེན་ཆས་འདི་ཐད་ཀར་གློག་ཀླད་ནང་སྒྲིག་འཇུག་བྱེད།
སྐར་ཁུང་ 64bit ཅན་ལ། Everything-1.4.1.1004.x64-Setup.exe བཅུག་རྒྱུ་དང། སྐར་ཁུང་ 32bit ཅན་ལ། ཡིག་ཁུག་ Everthing-1.4.1 for Window 32Bit ནང་མཉེན་ཆས་ Everything-1.4.1.1004.x86-Setup.exe བཅུག་རྒྱུ།
མཉེན་ཆས་ཁ་ཕྱེ་ནས། Tools > Option > General ངོས་སུ་ “Store settings and data in %APPDATA%\Everything” དེ་མ་འདེམབས། དེ་ནས་ Apply , OK ཟེར་གནོན་དགོས།
དེ་ནས་ FILE > EXIT གནོན་ནས་མཉེན་ཆས་འདི་ངེས་པར་དུ་བསད་དགོས།
གཉིས་པ།
ཕབ་ལེན་བྱས་པའི་ཡིག་ཆའི་ཁོངས་སུ་ Everything.ini དང་ Everything.lng གཉིས་བཤུས་ཏེ། C:\ProgramFile\ Everything\ གི་ཡིག་ཁུག་ནང་བཅུག་དགོས། Replace བྱེད་རྒྱུ་ཡིན་ནམ་ཞེས་དྲིས་ན། “Replace the file in destination” ལ་གནོན་དགོས།
དེ་ནས་ Everything མཉེན་ཆས་དེ་ཁ་ཕྱེ་ན། Tools > Option > General > Language ལས་བོད་ཡིག་འདེམས་དགོས། དེ་རྗེས་ Apply དང་ OK ཟེར་གནོན་མ་ཐག་མཉེན་ཆས་ཀྱི་སྒྲོམ་རྣམས་བོད་ཡིག་ཏུ་འཆར།
གསུམ་པ།
མཉེན་ཆས་ཀྱི་སྡེ་ཚན་རྣམས་བོད་ཡིག་འཆར་ཟིན་ཀྱང་ཡིག་གཟུགས་ཆུང་ཆུང་ཆགས་ཡོད་པ་མཐོང་ཐུབ། བོད་ཡིག་ཡིག་གཟུགས་རྣམས་ཏག་ཏག་ཡོང་རྒྱུར། ཕབ་ལེན་བྱས་པའི་ཡིག་ཆའི་ནང་ Windows Font Changer.exe དེ་ཁ་ཕྱེ་དགོས། མཉེན་ཆས་ཆུང་ཆུང་དེས་སྐར་ཁུང་ངོས་ཀྱི་བོད་ཡིག་ཡིག་གཟུགས་རྣམས་ཆེ་ཆུང་རན་པོ་བཟོ་ཐུབ།
བྱེད་ལུགས་ནི། མཉེན་ཆས་དེ་ཁ་ཕྱེ་རྗེས་ IconFont དང་ MenuFont གཉིས་ཀའི་ཡིག་གཟུགས་དེ་ Monlam UniOuchan1 ཐོག་འཇོག་དགོས། དེ་རྗེས་ Apply ཐོག་གནོན། འགྱུར་བ་འཐེབས་རྒྱུར་སྐར་ཁུངས་ Log Off ཐེངས་གཅིག་ཆགས་སྲིད།
དེ་ལྟར་བྱས་རྗེས་ད་བཟོད་མཉེན་ཆས་དེ་བོད་ཡིག་ཐོག་སྤྱོད་རྒྱུར་དཀའ་ངལ་གང་ཡང་མེད།
འཚོལ་བཤེར་བྱས་སྐབས་བེད་སྤྱོད་ཆེ་བའི་ཚིག་བརྡ་(syntax)འགའ།
༡༽ ཚིག་མཛོད་ཅེས་པའི་ཡིག་ཆ་ཞིག་གསོག་སྡེར་ D:\ ཁོ་ནའི་ནང་འཚོལ་དགོས་ཚེ།
ཚིག་མཛོད་ D:\
༢༽ ཚིག་མཛོད་ཅེས་པའི་ཡིག་ཆ་ཞིགའཚོལ་བཤེར་བྱེད་པའི་སྐབས་སྙིགས་སྣོད་ཁོངས་སུ་ཡོད་པ་རྣམས་ཤར་མི་དགོས་པ་བྱེད་དགོས་ན།
ཚིག་མཛོད་ !C:\$Recycle.Bin
༣༽ ཚིག་མཛོད་ཅེས་པའི་ཡིག་ཆ་འཚོལ་བའི་སྐབས་ PDF ཡིག་ཆ་ཁོ་ན་ཤར་དགོས་ཚེ།
ཚིག་མཛོད་ *.pdf
མུ་མཐུད་འགོད་རྒྱུ།