ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༡༤ ཉིན། གྲོགས་པོ་གསུམ་གྱིས་དྲ་རྒྱའི་ནང་བརྙན་ཐུང་བརྗེ་རེས་བྱེད་པའི་མཐུན་རྐྱེན་འདང་ངེས་མེད་པར་མཐོང་སྟེ། དྲ་ཚིགས་གསར་པ་ཞིག་གི་མིང་ཐོ་བཀོད། ཡུ་ཊུབ་ནི་དྲ་རྒྱའི་སྟེང་གི་གལ་ཆེ་ཤོས་དང་ལམ་ལྷོང་ཆེ་ཤོས་ཀྱི་བརྒྱུད་ལམ་ཞིག་ཏུ་གྱུར། གཤམ་དུ་ཡུ་ཊུབ་ཀྱི་འཕེལ་རིམ་གལ་ཆེན་འགའ་བཀོད་ཡོད།
ཕྱི་ལོ་ ༢༠༠༤ ཟླ་ ༢ ཚེས ༡ ། སུ་པར་བྷོལ་(Super Bowl)རྙོགས་གླེང་གྱིས་ཡུ་ཊུབ་གསར་གཏོད་ལ་ཁ་ཕྱོགས་པ།
༢༠༠༤ ལོའི་སུ་པར་བྷོལ་ཟེར་བའི་ཆུ་ཚོད་ཕྱེད་ཀའི་བརྙན་འཕྲིན་ལེ་ཚན་ཞིག་གི་སྐབས། ཨ་རིའི་གླུ་པ་ཇ་སི་ཊིན་ཊིམ་བར་ལེཀ་(Justin Timberlake)ཡིས་གླུ་མ་ཇེ་ནེཊ་ཇེཀ་སོན་(Janet Jackson)གྱི་བྲང་ཁོག་རྗེན་པར་བསྟན་པ་དེ། རྒྱང་སྲིང་བརྙན་འཕྲིན་གྱི་ལྟད་མོ་བ་ཚོས་མཐོང་བ་རེད། དོན་རྐྱེན་དེ་”གྱོན་ཆས་ཀྱི་ནོར་འཁྲུལ”ཞིག་ཏུ་བརྗོད། ཡུ་ཊུབ་ཐོག་མར་བཟོ་མཁན་གྱི་གྲོགས་པོ་གསུམ་་་་ཆཊ་ཧར་ལི་(Chad Hurley)དང་། སི་ཊིབ་ཆེན་(Steve Chen)། ཇ་ཝེད་ཀ་རིམ་(Jawed Karim)བཅས་ཀྱིས་དྲ་རྒྱའི་ནང་དོན་རྐྱེན་དེའི་སྐོར་གྱི་བརྙན་ཐུང་འཚོལ་ཤེར་ག་ཚོད་བྱས་ཀྱང་རྙེད་མ་ཐུབ་པས། དེས་ཁོང་ཚོར་བརྙན་ཐུང་བརྗེ་རེས་བྱེད་སའི་བརྒྱུད་ལམ་ཡག་པོ་ཞིག་གསར་གཏོད་བྱེད་འདོད་ཀྱི་བསམ་བློ་ཐོག་མར་སླེབས།
ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༡༤ ། ཡུ་ཊུབ་ཀྱི་དྲ་ཚིགས་མིང་ཐོ་བཀོད།
པེ་པལ་(PayPal)ཚོང་ཁང་གི་ལས་བྱེད་ཟུར་པ་གསུམ་པོས་མཉམ་དུ་ཡུ་ཊུབ་དབུ་འཛུགས་བྱས། ཐོག་མར་ཁོང་ཚོས་བརྙན་ཐུང་གི་ལམ་ནས་གཉེན་སྒྲིག་ཆེད་ཕོ་མོ་འཚོལ་བའི་དྲ་ཚིགས་ཤིག་བཟོ་འཆར་བྱས། དེའི་ནང་སྤྱོད་མཁན་ཚོས་རང་ཉིད་ཀྱི་བརྙན་ཐུང་བཞག་སྟེ་ཕན་ཚུན་ངོ་སྤྲོད་དང་འབྲེལ་བ་ཡོང་བ་བཟོས། འོན་ཀྱང་གཉེན་སྒྲིག་གི་བརྙན་ཐུང་དེ་ཙམ་བཅུག་མཁན་མ་བྱུང་བས། ཧར་ལི་དང་། ཆེན། ཀ་རིམ་བཅས་ཀྱིས་བསམ་བློ་བསྒྱུར་ཏེ་དྲ་གནས་དེའི་ཐོག་བརྙན་ཐུང་ཅི་རིགས་འཇོག་ཆོག་པར་ཐག་གཅོད་བྱས།
ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༢༣ ། བརྙན་ཐུང་དང་པོ་བཞག
Me at the Zoo ཞེས་པའི་སྐར་ཆ་ ༡༩ ཅན་གྱི་བརྙན་ཐུང་དེ་མཉམ་སྒྲུབ་པ་ཀ་རིམ་གྱིས་དྲ་ཚིགས་ཐོག་བཞག་པའི་བརྙན་ཐུང་དང་པོ་དེ་ཆགས། བརྙན་ཐུང་དེའི་ནང་ཀ་རིམ་གླང་ཆེན་གྱི་མདུན་དུ་ལངས་ནས་གླང་ཆེན་གྱི་སྣ་རིང་པོ་ཡོད་པའི་སྐོར་མདོར་བསྡུས་ཤིག་བཤད་ཡོད།
ཕྱི་ལོ་ ༢༠༠༥ ཟླ་ ༥ ། མང་ཚོགས་ལ་ཚོད་ལྟའི་ངོ་སྤྲོད།
དྲ་ཚིགས་འདི་མང་ཚོགས་ཀྱིས་བེད་སྤྱོད་བྱེད་ཆོག་པར་གྱུར། འོན་ཀྱང་ད་དུང་ཡང་ཚོད་ལྟའི་དུས་རིམ་ནང་ཡོད་པས། ཁོང་ཚོས་སྤྱོད་མཁན་གྱི་དགོངས་འཆར་གཞིར་བཟུང་ཡར་རྒྱས་གཏོང་བཞིན་ཡོད།
ཕྱི་ལོ་ ༢༠༠༥ ཟླ་ ༡༠ ། མཉམ་ཞུགས་པའི་ལམ་ལུགས་དབུ་འཛུགས།
ཐོ་འགོད་བྱས་པའི་ཁ་བྱང་ཁག་གིས་རྒྱུན་དུ་བརྙན་ཐུང་འཇོག་འགོ་བཙུགས་ཤིང་། རང་གི་ནང་དོན་ལ་རྗེས་འབྲང་པ་ཐོབ། ཡུ་ཊུབ་ཀྱིས་སྤྱོད་མཁན་ཚོར་དགའ་མོས་ཡོད་པའི་བརྙན་ཐུང་བཟོ་མཁན་གྱི་རྗེས་སུ་འབྲང་བདེ་རུ་བཏང་།
ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༡༥ ། ཡུ་ཊུབ་མང་ཚོགས་ལ་དངོས་སུ་སྤྱོད་འགོ་བཙུགས།
དྲ་ཚིགས་དེ་ཚོད་ལྟའི་དུས་རིམ་ནས་ཐོན་ཏེ་གཞི་ནས་དངོས་སུ་དབུ་འཛུགས་བྱས། བདུན་ཕྲག་དེར་ Saturday Night Live ཞེས་པའི་གཟའ་སྤེན་པའི་དགོང་མོའི་གླུ་གཞས་ལེ་ཚན་ནང་། ཨེན་ཌི་སེམ་བག་(Andy Samberg)དང་ཁི་རི་སི་པར་ནེལ་(Chris Parnell)གཉིས་ཀྱི་”ལེ་ཛི་སན་ཌེ་”(Lazy Sunday)ཞེས་པའི་བརྙན་ཐུང་ཞིག་རྒྱང་སྲིང་བྱས། རྗེས་འབྲང་པ་ཚོས་དེ་མྱུར་དུ་ཡུ་ཊུབ་ནང་བཞག དེ་ནི་ཐོག་མའི་དྲ་རྒྱར་ཁྱབ་ཆེ་བའི་བརྙན་ཐུང་ཞིག་ཡིན་པས། ཡུ་ཊུབ་གལ་ཆེའི་བརྒྱུད་ལམ་ཞིག་ཏུ་གྲུབ་པར་ཕན་ཐོགས་བྱུང་།
ཕྱི་ལོ་ ༢༠༠༥ ཟླ་ ༡༡ ། ལྟ་ཐེངས་ས་ཡ་གཅིག་བརྒལ་བའི་བརྙན་ཐུང་དང་པོ།

བྷུ་ར་ཛིལ་གྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་པ་གྲགས་ཅན་རོ་ནལ་ཌི་ནོ་(Ronaldinho)ཡི་རྩེད་ཆས་ཚོང་ཁང་ནེཀ་(Nike)ཡི་ཚོང་སྒྲོག་བརྙན་ཐུང་དེ་ཡུ་ཊུབ་ནང་ལྟ་ཐེངས་ས་ཡ་གཅིག་བརྒལ་བའི་བརྙན་ཐུང་དང་པོར་གྱུར།
ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༧ ། རྗེས་འབྲང་པ་ཁྲི་གཅིག་བརྒལ་བའི་ཁ་བྱང་དང་པོ།
བྷུ་རུཀ་བྷུ་རོ་ཌེཀ་(Brooke Brodack)ཟེར་བ་དེ་དྲ་ཐོག་ཏུ་བྷུ་རུ་ཀར་སི་(Brookers)ཞེས་འབོད། ཁོ་མོའི་ཁ་བྱང་ལ་རྗེས་འབྲང་པ་ཁྲི་གཅིག་བརྒལ་བའི་བརྙན་ཐུང་བཟོ་མཁན་དང་པོར་གྱུར། བྷུ་རུ་ཀར་སི་ཡི་བརྙན་འཕྲིན་ལེ་ཚན་ནང་དགོད་བྲོ་བའི་འཁྲབ་སྟོན་ཐུང་ཐུང་སྣ་ཚོགས་ཡོད་པ་དང་། ཉིན་༤༣་རིང་ཡུ་ཊུབ་ནང་རྗེས་འབྲང་པ་མང་ཤོས་ཡོད་པའི་ཁ་བྱང་དུ་གནས།
ཕྱི་ལོ་ ༢༠༠༦ ཟླ་ ༡༠ ཚེས་ ༩ ། གུ་གལ་(Google)གྱིས་ཡུ་ཊུབ་ཉོས་པ།

ཡུ་ཊུབ་མང་ཚོགས་ལ་དངོས་སུ་སྤྱོད་འགོ་བཙུགས་ནས་ལོ་གཅིག་ཙམ་གྱི་རྗེས་སུ། གུ་གལ་གྱིས་ཨ་སྒོར་ཐེར་འབུམ་༡.༦༥་སྤྲད་དེ་ཉོས། ཉོ་ཚོང་དེ་བརྒྱུད་ཚོང་ལས་ཀྱི་ལས་གཞི་རྒྱ་བསྐྱེད་བཏང་བ་དང་། མཉེན་ཆས་བཟོས་ཏེ་བརྙན་ཐུང་ལྟ་བ་དང་ཐད་ཀར་རྒྱང་སྲིང་བྱེད་པ་སོགས་བྱས། དེ་བཞིན་ཁྱབ་བསྒྲགས་དང་གླ་ཆ་སྤྲོད་དགོས་པའི་ནང་དོན་དཔེར་ན་གློག་བརྙན་ལྟ་བུའི་ཆེད་དུ་ནུས་པ་ཆེ་བའི་བརྒྱུད་ལམ་ཞིག་ཏུ་བསྒྱུར། ཉོ་ཚོང་དེ་དང་མཉམ་དུ་བརྒྱུད་ལམ་འདིས་”ཁྱེད་ཀྱིས་རྒྱང་སྲིང་བྱོས།”(Broadcast Yourself)ཞེས་པའི་འབོད་ཚིག་ངོ་སྤྲོད་བྱས།
ཕྱི་ལོ་ ༢༠༠༧ ཟླ་ ༥ ཚེས་ ༡༥ ། རྗེས་འབྲང་པ་འབུམ་གཅིག་བརྒལ་བའི་ཁ་བྱང་དང་པོ།
དགོད་བྲོ་བའི་འཁྲབ་སྟོན་པ་ཨེན་ཐོ་ནི་པ་ཌི་ལ་(Anthony Padilla)དང་ཨི་ཡན་ཧེ་ཁོཀ་སི་(Ian Hecox)གཉིས་ཀྱི་སི་མོ་ཤི་(Smosh)ཞེས་པའི་བརྙན་འཕྲིན་ལེ་ཚན་དེ་ཡུ་ཊུབ་ཐོག་རྗེས་འབྲང་པ་འབུམ་གཅིག་བརྒལ་བའི་ཁ་བྱང་དང་པོར་གྱུར། ཁོང་གཉིས་ཀྱིས་ཕྱི་ལོ་༢༠༡༡་ལོར་བརྙན་འཕྲིན་ལེ་ཚན་དང་མཚན་རྟགས་དེ་ཌི་ཕའི་མི་ཌི་ཡ་(Defy Media)ལ་བཙོངས། དེ་རྗེས་༢༠༡༩་ལོར་ཌི་ཕའི་མི་ཌི་ཡས་མི་ཐི་ཁལ་སྤྲོ་སྐྱིད་(Mythical Entertainment)ལ་བཙོངས།
ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༧ ། རྗེས་འབྲང་པ་ས་ཡ་གཅིག་བརྒལ་བའི་ཁ་བྱང་དང་པོ།
དགོད་བྲོ་བའི་འཁྲབ་སྟོན་པ་ལུ་ཁ་སི་ཁུ་རུཀ་ཤེན་ཁི་(Lucas Cruikshank)ཡིས་ཕི་རེ་ཌི་ཕི་གལ་ཧོན་(Fred Figglehorn)ཞེས་པའི་དྲ་ཐོག་མི་སྣའི་བརྙན་ཐུང་བཟོས་པ་དེས་རྗེས་འབྲང་པ་ས་ཡ་གཅིག་བརྒལ་བའི་ཁ་བྱང་དང་པོར་གྱུར། ཁུ་རུཀ་ཤེན་ཁིས་གྲུབ་འབྲས་འདི་བེད་སྤྱོད་བྱས་ཏེ་གློག་བརྙན་དང་། བརྙན་འཕྲིན་ལེ་ཚན། རི་མོ་འགུལ་ཅན་བཅས་བཟོ་རྒྱུའི་ནང་ཞུགས།
ཕྱི་ལོ་ ༢༠༡༠ ཟླ་ ༧ ། 4K བརྙན་པར།
ཡུ་ཊུབ་ནང་4K བརྙན་པར་འཇོག་ཆོག་པ་བྱས་པ་དེས། བརྙན་པར་ལྟ་བའི་ཉམས་མྱོང་ཡར་རྒྱས་བཏང་།
ཕྱི་ལོ་ ༢༠༡༡ ཟླ་ ༤ ། ཐད་ཀར་རྒྱང་སྲིང་།
ཡུ་ཊུབ་ནི་བརྙན་ཐུང་བརྗེ་རེས་བྱེད་སའི་དྲ་ཚིགས་ཙམ་མིན་པར། ཐད་ཀར་རྒྱང་སྲིང་བྱེད་ཐུབ་པའི་མཐུན་རྐྱེན་བསྐྲུན། བརྙན་ཐུང་བཟོ་མཁན་གྲགས་ཅན་ཚོས་མཐུན་རྐྱེན་གསར་པ་འདི་བེད་སྤྱོད་བྱས་ཏེ་རྗེས་འབྲང་པའི་དྲི་བར་ལན་འདེབས་བྱེད་པའམ་རྩེད་མོ་རྩེ་བའི་བརྙན་པར་རྒྱང་སྲིང་བྱེད།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༥ ། Gangnam Style འཇོག་པ།
ལྷོ་ཀོ་རི་ཡའི་ཀེ་པོབ་(Kpop)གླུ་པ་གྲགས་ཅན་སའི་(Psy)ཡིས་གླུ་གཞས་”Gangnam Style”བཏོན་པ་དེས་འཛམ་གླིང་ཡོངས་ལ་ཁྱབ། གླུ་ཚིག་ནང་རྒྱལ་ས་སི་འོལ་གྱི་ཕྱུག་པོའི་ས་ཁུལ་དང་དེར་འགྲོ་མཁན་ཚོར་འཕྱ་སྨོད་བྱས་ཡོད། གླུ་གཞས་ཀྱི་བརྙན་ཐུང་དེ་ལྟ་ཐེངས་ཐེར་འབུམ་གཅིག་བརྒལ་བའི་བརྙན་ཐུང་དང་པོར་གྱུར།
ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༧ ། བྷེ་བྷི་ཤཱག་(Baby Shark)འཇོག་པ།

བྱིས་པའི་གླུ་གཞས་”བྷེ་བྷི་ཤཱག”དྲ་ཚིགས་ནང་བཞག ལྷོ་ཀོ་རི་ཡའི་བྱིས་པའི་སྤྲོ་སྐྱིད་ཚོང་ཁང་པིང་ཕོང་(Pinkfong)གིས་བཟོས་པའི་གླུ་གཞས་དེ་ཧ་ཅང་གྲགས་ཆེན་དུ་གྱུར་ཏེ། བརྙན་ཐུང་དེ་ལྟ་ཐེངས་ཐེར་འབུམ་བཅུ་བརྒལ་བའི་ཐོ་གསར་པ་བསྐྲུངས།
ཕྱི་ལོ་ ༢༠༢༠ ཟླ་ ༩ ། ཡུ་ཊུབ་ཤོརཊ་སི་(YouTube Shorts)དབུ་འཛུགས།
འགྲན་རྩོད་དང་མཉམ་བསྐྱོད་བྱེད་ཆེད། བརྒྱུད་ལམ་འདིས་ཡུ་ཊུབ་ཤོརཊ་སི་དབུ་འཛུགས་བྱས། དེ་ནི་ཊིག་ཊོག་(TikTok)བརྙན་ཐུང་ངམ་ཨིན་སི་ཊ་གྷ་རམ་(Instagram)གྱི་རིལ་སི་(reels)ལྟ་བུ་ཞིག་རེད། བརྙན་ཐུང་དེ་དག་སྤྱིར་བཏང་ཐུང་ཞིང་། ཁ་པར་བེད་སྤྱོད་བྱེད་སྐབས་འཕྲེད་གཅལ་གྱི་བརྙན་པར་གང་བ་སྟོན།
ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༠ ། རྗེས་འབྲང་པ་ས་ཡ་ ༣༠༠ བརྒལ་བའི་ཁ་བྱང་དང་པོ།

ཡུ་ཊུབ་བེད་སྤྱོད་གཏོང་མཁན་ཇི་མི་ཌོ་ནལ་སོན་(Jimmy Donaldson)དམ་མི་སི་ཊར་བྷི་སི་ཊི་(MrBeast)ཞེས་འབོད་པ་དེའི་བརྙན་འཕྲིན་ལེ་ཚན་ལ་རྗེས་འབྲང་པ་ས་ཡ་ ༣༠༠ བརྒལ། མི་སི་ཊར་བྷི་སི་ཊི་ཡི་ནང་དོན་ནི་དངུལ་གྱི་བྱ་དགའ་ཡོད་པའི་འགྲན་བསྡུར་དང་། བྱམས་སེམས་ཀྱི་ལས་གཞི་བྱེད་པའི་བརྙན་ཐུང་། ཡང་ན་ཁོང་གི་ཐ་མའི་བརྙན་ཐུང་ནང་བཞིན་གྷི་ཛ་གི་པི་ར་མི་ཌི་(Pyramids of Giza)དང་འབྲེལ་བའི་ཤེས་བྱ་སློབ་གསོའི་བརྙན་ཐུང་ལྟ་བུ་རེད།
མིང་ཚིག་གལ་ཆེན།
རྒྱང་སྲིང་ (broadcast), རྗེས་འབྲང་པ་ (subscriber), ཐད་ཀར་རྒྱང་སྲིང་ (livestream), བརྙན་འཕྲིན་ལེ་ཚན་ (channel), ཚོང་སྒྲོག་ (commercial/advertisement), བརྒྱུད་ལམ་ (platform)