ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༧ ཉིན། གུ་གུལ་གྱི་གཞུང་ཕྱོགས་དྲ་ཚིགས་ཐོག་གུ་གུལ་ཡིག་སྒྱུར་ཞབས་ཞུའི་ནང་སྐད་ཡིག་གསར་པ་ ༡༡༠ གསར་སྣོན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག སྐད་ཡིག་གསར་པ་དེ་དག་ནང་བོད་ཡིག་ཀྱང་ཚུད་འདུག་པས་གཏམ་བཟང་གི་ཚུལ་དུ་འདིར་གནས་ཚུལ་རྒྱས་པ་འདི་ནས་ངོ་སྤྲོད་ཞུ།
གུ་གུལ་གྱི་ཡིག་སྒྱུར་ཞབས་ཞུ་དེ་ཐོག་མར་ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༢༨ ཉིན་དྲ་ཐོག་ཏུ་རིན་མེད་བེད་སྤྱོད་རུང་བ་བཟོས་ཡོད་པ་ནས་ཕྱི་ལོ་ ༢༠༡༦ ལོར་སྙན་ཐོར་གསལ་བར་ལྟར་ན། བེད་སྤྱོད་བྱེད་མཁན་ས་ཡ་ ༥༠༠ ལྷག་ཡོད་པ་དང་མིང་ཚིག་དུང་ཕྱུར་ ༡༠༠ ལྷག་ཡིག་སྒྱུར་བྱས་ཡོད་པས་འཛམ་གླིང་ནང་ཡིག་སྒྱུར་གྱི་མཉེན་ཆས་བེད་སྤྱོད་མང་ཤོས་དེ་ཆགས་ཡོད་པ་གསལ།
སྐབས་དེ་དུས་གློག་ཀླད་དང་དྲ་ཐོག་ནས་ཡིག་སྒྱུར་བྱེད་རྒྱུའི་ལས་རིགས་ལ་གུ་གུལ་ཡིག་སྒྱུར་ཞབས་ཞུ་དེ་སྟབས་བདེ་ཤོས་དང་བེད་སྤྱོད་ཆེ་ཤོས་ཆགས་ཡོད་ཀྱང་ངེད་ཅག་བོད་ཡིག་བེད་སྤྱོད་བྱེད་མཁན་གྱི་ཆེད་ཞབས་ཞུ་དེའི་ནང་བོད་ཀྱི་སྐད་ཡིག་འདི་ཚུད་མེད།
༢༠༠༦ ནས་ ༢༠༢༣ བར་གུ་གུལ་ཡིག་སྒྱུར་ཞབས་ཞུ་དེ་ལེགས་བཅོས་དང་སྐད་ཡིག་གསར་པ་སྣོན་ཐེངས་གསུམ་བྱས་ཡོད་ཀྱང་དེ་དག་ན་བོད་ཡིག་སླེབས་ཐུབ་མེད་པས། དེའི་ཐོག་དོ་སྣང་ཡོད་མཁན་དང་བོད་ཡིག་ལ་གདུང་མཁན་ལ་ཨ་ཁ་ཁ་ཟེར་སྡོད་རྒྱུ་ལས་ལྷག་མེད། དཔེར་ན། ཕྱི་ལོ་ ༢༠༡༨ ལོར་གུ་གུལ་དབང་རྩའི་འཕྲུལ་ཆས་སྐད་སྒྱུར་(Google Neural Machine Translation)ཟེར་བའི་ཐབས་རྩལ་སྤྱད་དེ་ཡིག་སྒྱུར་བྱེད་སྐབས་ཚིག་འགྲོས་སྤུས་ཀ་དག་ཏུ་གཏོང་ཐུབ་པ་ཆགས། དེ་དུས་སྐད་ཡིག་ ༡༣ ཁ་སྣོན་བྱས་ཏེ་སྐད་ཡིག་ ༡༠༣ ཆགས་དུས་བོད་ཡིག་འཇུག་ཐུབ་མེད།
ཕྱི་ལོ་ ༢༠༢༢ ལོར་གུ་གུལ་གྱིས་ Zero-Shot Machine ཟེར་བའི་རྩིས་རིག་ཅིག་བཀོལ་སྤྱོད་བྱས་ཏེ་སྐད་ཡིག་ ༢༤ གསར་སྣོན་བྱས་ཡོད། དེའི་ནང་རྒྱལ་ཁབ་ ༡༨ ཀྱི་སྐད་ཡིག་དང་དམིགས་བསལ་རྒྱ་གར་ནང་སའི་སྐད་ཡིག་དྲུག་ Sanskrit དང་ Assamese, Bhojpuri, Dhivehi, Dogri, Konkani བཅས་ཚུད་ཡོད་ཀྱང་བོད་ཡིག་ད་དུང་མེད།
ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢ ཉིན་སྐད་ཡིག་ཆིག་སྟོང་ཟེར་བའི་ (1,000 Languages Initiative ) ལས་གཞིའི་འོག་གུ་གུལ་གྱིས་བཅོས་མའི་རིག་ནུས་(Artificial Intelligence)སྤྱད་ནས་ཡིག་སྒྱུར་གྱི་ཞབས་ཞུ་འདི་སྔར་ལས་ལྷག་པའི་ཡར་རྒྱས་དང་། སྤྱོད་སྒོ་རྒྱ་ཆེར་བཏང་ནས་འཛམ་གླིང་ཡུལ་གྲུ་ཀུན་གྱི་སྐད་ཡིག་ཕན་ཚུན་བར་འབྲེལ་ལམ་གྱི་ཟམ་ཆེན་གསར་པ་ཞིག་སྤེལ་སྒོ་བཙུགས་པ་ནས་ད་རེས་གུ་གུལ་བཟོ་ཚོང་ཁང་གིས་བཅོས་མའི་རིག་ནུས་ཀྱི་ནུས་སྟོབས་གསར་པ་ PaLM 2 ཟེར་བ་ཞིག་སྤྱད་དེ། ༢༠༢༤ ཟླ་བདུན་པའི་ཟླ་སྟོད་དུ་དུས་གཅིག་ཏུ་སྐད་ཡིག་ ༡༡༠ གསར་པ་ཁ་སྣོན་བྱས་ཡོད། ད་ལྟའི་ཆར་ཁྱོན་བསྡོམས་སྐད་ཡིག་ ༢༤༣ གུ་གུལ་ཡིག་སྒྱུར་ཞབས་ཞུའི་ནང་སླེབས་ཐུབ་པ་བྱུང་ཡོད། སྐད་ཡིག་དེ་དག་ནང་བོད་ཡིག་གཞི་ནས་སླེབས་ཡོད་པ་དང། བོད་པ་ཚོས་ཡིག་སྒྱུར་དང་འབྲེལ་བའི་ལས་གཞི་ཁག་ལ་ཕན་གྲོགས་དང་། བེད་སྤྱོད་ཡོང་ངེས་པར་དྲན།
ཡིག་སྒྱུར་དྲ་གནས་ translate.google.com ཐོག་ཕྱིན་ནས་ཡིག་འབྲུ་ ༥༠༠༠ ཙམ་བཅུག་ཀྱང་ཡིག་སྒྱུར་སྐར་ཆ་ཁ་ཤས་ནང་བྱེད་ཐུབ་ཀྱི་འདུག །བསྒྱུར་བྱའི་ནང་དོན་དེ་སྐད་ཡིག་གང་དུ་སྒྱུར་དགོས་པ་དེ་སྐད་ཡིག་འདེམས་བྱང་ནས་འདེམས་ཆོག །
བོད་ཡིག་ལ་ཆ་མཚོན་ན། ཡིག་སྒྱུར་ཐད་ཀར་བྱེད་ཐུབ་པའི་ད་ཡོད་ཀྱི་དྲ་གནས་ཁག་དང་། བོད་སྒྱུར་གྱི་མཉེན་ཆས། དེ་བཞིན་སྨོན་ལམ་གྱི་ཡིག་སྒྱུར་ཞབས་ཞུ་སོགས་དང་བསྡུར་ན་ལྡབ་འགྱུར་གྱིས་ལེགས་པ་དང་། སྤྱོད་སྒོ་ཆེ་བ། བེད་སྤྱོད་ཐད་ཀར་གཏོང་ཐུབ་པ་ཞིག་འདུག །གང་ལྟར་འཛམ་གླིང་ཐོག་སྐད་ཡིག་ ༢༤༣ ནང་ཡོད་པའི་དྲ་ཚིགས་དང་ཡིག་ཆ་གང་རུང་བོད་ཡིག་ཐོག་ལ་སྒྱུར་ཐུབ་པ་དང་ནང་དོན་རྟོགས་ཐུབ། དཔེར་ན། ད་བར་འཕྲད་མ་མྱོང་བའི་དྲ་གནས་ http://www.kanjamadi.com འདི་ལྟ་བུར་མཚོན་ན། ནང་དོན་རྣམས་བཤུས་ཏེ་གུ་གུལ་ཡིག་སྒྱུར་ཞབས་ཞུ་ནས་བལྟས་ན་ལུང་པ་གང་གི་སྐད་ཡིན་པ་དང་། ནང་དོན་རྣམས་བོད་ཡིག་ནང་ལྟ་ཀློག་བྱེད་ཐུབ་པ་ཆགས་ཡོད། གལ་ཏེ་ཁ་པར་ནང་གུ་གུལ་ཡིག་སྒྱུར་གྱི་མཉེན་ཆས་འདི་བཅུག་ཡོད་ན། ཡུལ་གྲུ་གཞན་དུ་སླེབས་དུས་དང་སྐད་ཡིག་གསར་པ་ཞིག་དང་འཕྲད་ཚེ་བོད་ཡིག་དང་ཡུལ་ལུང་དེའི་སྐད་ཡིག་ཕན་ཚུན་དབར་ཡིག་སྒྱུར་བྱས་རེས་བྱས་ནས་རྒྱལ་ཁབ་གཞན་གྱི་མི་དང་གོ་བརྡ་སྤྲོད་ཐུབ་པ་ཆགས་ཡོད།
གུ་གུལ་ཡིག་སྒྱུར་ཞབས་ཞུའི་ནང་བོད་ཡིག་བཅུག་པ་ཐོག་མར་ཆགས་ཀྱི་ཡོད་པར་བརྟེན། ཡིག་སྒྱུར་བྱེད་པའི་རིང་མིང་ཚིག་བེད་སྤྱོད་བྱེད་ཕྱོགས་དང་། ནང་དོན་ཏག་ཏག་བསྡད་མིན་ལ་བེད་སྤྱོད་བྱེད་མཁན་གྱི་ནན་ཏན་གཟིགས་དགོས། བོད་ཡིག་བེད་སྤྱོད་ཇི་ཙམ་བྱས་པ་དེ་ཚོད་ཀྱི་ཡིག་སྒྱུར་གྱི་ནུས་པར་སྦྱོང་བརྡར་སྤྲོད་ཀྱི་ཡོད་པས་མ་འོངས་པའི་ཡིག་སྒྱུར་གྱི་སྤུས་ཚད་ཡག་ནས་ཡག་ཏུ་འགྲོ་ངེས།
ཚོད་ལྟ་བྱས་པ་བརྒྱུད། ༡༽ གུ་གུལ་ཡིག་སྒྱུར་ཞབས་ཞུའི་ནང་ཡི་གེ་བཏགས་ནས་ཡིག་སྒྱུར་བྱེད་ཐུབ་པ། ༢༽ སྐད་ཡིག་གཞན་གྱི་ནང་ཡོད་པའི་དྲ་ཚིགས་བོད་ཡིག་ནང་ལྟ་ཐུབ་པ། ༣༽ ཡིག་ཆ་སྐྱེལ་འཇོག་བྱས་ནས་ཡིག་སྒྱུར་ཐུབ་རྒྱུ་འདུག །
ད་ལྟའི་ཆར་བོད་ཡིག་སྒྲ་ལྡན་དུ་ཉན་རྒྱུ་དང་། བོད་ཡིག་འོད་བཤེར་ OCR བྱེད་རྒྱུའི་མཐུན་རྐྱེན་དེ་མེད། འོན་ཀྱང་མ་འོངས་པའི་དུས་ཚོད་ནང་མཐུན་རྐྱེན་དེ་དག་ཀྱང་གང་མྱུར་བེད་སྤྱོད་ཡོང་བ་ཆགས་རྒྱུ་ཉག་ཅིག་རེད།
གུ་གུལ་ཡིག་སྒྱུར་ཞབས་ཞུ་དེས་བོད་པ་ཚོས་ཡིག་སྒྱུར་ལས་རིགས་ལ་ཕན་གྲོགས་ཐུབ་པ་མ་ཟད། འཛམ་གླིང་ཐོག་མི་རིགས་གཞན་དང་། སྐད་རིགས་གཞན་དང་། རིག་གནས་དང་རིག་གཞུང་གཞན་གྱི་གནས་ཚུལ་རྣམས་ཀྱང་བོད་ཡིག་ཐོག་བདེ་བླག་ཏུ་ལྟ་ཀློག་ཐུབ་རྒྱུའི་ལྡེ་མིག་ཅིག་ཏུ་འགྱུར་ཡོད། དེ་བཞིན་བོད་ཀྱི་རིག་གཞུང་དང་ནང་ཆོས་ལ་དོ་དབྱིངས་དང་སྦྱང་བརྩོན་བྱེད་མཁན་གྱི་ཕྱི་རྒྱལ་མི་རིགས་ཚོ་ལ་ཡང་ཆ་མཚོན་ན་གུ་གུལ་ཡིག་སྒྱུར་ཞབས་ཞུ་རྒྱུད་བོད་ཀྱི་སྐད་ཡིག་སྦྱང་རྒྱུའི་མཐུན་རྐྱེན་སོགས་སྔར་བས་སྟབས་བདེ་བ་ཆགས་ཡོད།