ཨེ་ཕི་ཁེ་ (APK – Android Package): འདི་ནི་ཨན་ཌོར་ཊི་ (Android) ལག་ཐོག་ཁ་པར་ནང་ཉེར་སྤྱོད་མཉེན་ཆས་ (App) རྣམས་སྒྲིག་འཇུག་བྱེད་པར་བཀོལ་བའི་ཡིག་ཚགས་འདུས་གྲུབ་ཅན་ (ZIP archive) ཞིག་ཡིན། དེའི་ནང་དུ་མཉེན་ཆས་ཤིག་འཁོར་སྐྱོད་བྱེད་པར་མཁོ་བའི་པར་རིས་དང་། སྒྲིག་བཀོད། དེ་བཞིན་གློག་ཀླད་ཀྱིས་ཀློག་ཐུབ་པའི་གསང་རྟགས་ (DEX code) སོགས་ཉེར་མཁོའི་ཡིག་ཚགས་ཚང་མ་གཅིག་ཏུ་བསྡུས་ཡོད། མདོར་བསྡུས་ན་ཨན་ཌོར་ཊི་ཁ་པར་ནང་བཅུག་རྒྱུ་ཡོད་པའི་མཉན་ཆས་རིགས་ལ་APK ཟེར་བ་དང་ APK ནི་ Android Package གི་བསྡུས་ཚིག་ཞིག་ཡིན།
བཟོ་བཅོས་བརྒྱབ་པའི་ཨེ་ཕི་ཁེ། (MOD APK): འདི་ནི་གསང་རྟགས་མཁས་པ་ཚོས་གཞུང་ཕྱོགས་ཀྱི་ཨེ་ཕི་ཁེ་དེ་བཤིགས་ནས། ནང་གི་གསང་རྟགས་ལ་**ཆོག་མཆན་མེད་པར་བཟོ་བཅོས་དང་བཅོས་སྒྱུར་བརྒྱབ་པའི་མཉེན་ཆས་**ཤིག་ཡིན། འདིའི་དམིགས་ཡུལ་ནི་རིན་སྤྲོད་དགོས་པའི་སྒྲིག་ཆས་ (Premium features) རྣམས་དང་གསལ་བསྒྲགས་སོགས་རིན་མེད་ཐོག་བཀོལ་སྤྱོད་བྱེད་ཐུབ་པ་བཟོ་རྒྱུ་དེ་ཡིན། MOD APK ནི་ Modified Android Package བསྡུས་ཚིག་ཡིན།
ཁྱེད་ཀྱིས་སོ་སོའི་དགའ་ཤོས་བྱེད་པའི་རོལ་དབྱངས་མཉེན་ཆས་སམ་ཁ་པར་གྱི་མཉན་ཆས་ག་གེ་མོ་ཞིག་ཁ་ཕྱེ་ནས་ཞོགས་པའི་གླུ་གཞས་ཉན་རྩིས་བྱེད་སྐབས། དེ་མ་ཐག་མཉེན་ཆས་ཁ་བརྒྱབ་ནས་བཀོལ་སྤྱོད་བྱེད་མ་ཐུབ་པའི་གནས་ཚུལ་བྱུང་བར་ཡིད་ལ་ཤར་མྱོང་ངམ། ཆུ་ཚོད་ཁ་ཤས་སམ་ཉིན་ཤས་རྗེས་མཉེན་ཆས་དེ་གསར་འགྱུར་(update ཆགས་ནས་)བྱུང་ནས་སྔར་བཞིན་འགྲོ་རྒྱུ་བྱུང་བ་འཚོར་མྱོང་ངམ། དོན་དངོས་ཐོག མཉེན་ཆས་བཟོ་མཁན་གྱིས་སེར་ཝར་ (Server) གྱི་རྒྱབ་ཕྱོགས་གསང་རྟགས་ལ་བཟོ་བཅོས་བརྒྱབ་ནས། ཆོག་མཆན་མེད་པའི་བཟོ་བཅོས་བརྒྱབ་པའི་མཉེན་ཆས་ཁག་བཀག་འགོག་བྱས་པའི་ཉེན་སྲུང་གི་ལག་ལེན་ཞིག་རེད། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ལ། ཐོན་རིམ་གསར་པ་ཡོངས་བསྒྲགས་བྱས་ནས་ཉི་མ་འགའ་ཤས་རྗེས་མཉེན་ཆས་དེ་དག་གསང་ཟྭ་བཏོར་ནས། མི་ས་ཡ་མང་པོས་ཐོན་རིམ་གསར་པ་དེ་དགརིན་མེད་དུ་སྤྱོད་རྒྱུ་ཡོད་པའི་མཉེན་ཅས་ཞིག་ཆགས་ཚར་བ་རེད།
འདི་ནི་ལག་ཐོག་ཁ་པར་གྱི་བདེ་འཇགས་སྲུང་སྐྱོབ་ཁྲོད་ཀྱི་མཐའ་མེད་པའི་**”བྱི་ལ་དང་བྱི་བའི་འཐབ་རྩོད”ཅིག་རེད། འདིའི་རྒྱུད་རིམ་ཤེས་པའི་ཆེད་དུ། ང་ཚོས་མཉེན་ཆས་བཟོ་མཁན་དང་ APK བཟོ་བཅོས་རྒྱག་མཁན་བར་གྱི་“གསང་རྟགས་འཐབ་རྩོད”**ལ་ཞིབ་འཇུག་བྱེད་དགོས།
ལེའུ་དང་པོ། ཁ་གཏད་གཉིས། (APKདཀྱུས་མ་དང་བཟོ་བཅོས་བརྒྱབ་པའི་APK)
འཐབ་རྩོད་འདི་ཤེས་པའི་ཆེད་དུ། ཐོག་མར་APK ཟེར་བ་དེ་གང་ཡིན་པ་ཤེས་དགོས།
- APKདཀྱུས་མ། (Normal APK): APK (Android Package) ནི་དོན་དངོས་ཐོག་འདུས་གྲུབ་ཅན་གྱི་ ZIP ཡིག་ཚགས་ཤིག་ཡིན་ལ། དེའི་ནང་དུ་ཉེར་སྤྱོད་མཉེན་ཆས་ཤིག་འཁོར་སྐྱོད་བྱེད་པར་མཁོ་བའི་པར་རིས་དང་། སྒྲིག་བཀོད། དེ་བཞིན་ “DEX” (Dalvik Executable) གསང་རྟགས་སོགས་ཚང་མ་འདུས་ཡོད། APK དཀྱུས་མ་ནི་ཐོག་མའི་མཉེན་ཆས་བཟོ་མཁན་གྱིས་བཟོས་པའི་གཞུང་ཕྱོགས་ཀྱི་མཉེན་ཆས་བདེན་དཔང་ཅན་དེ་ཡིན། འདི་ཉིད་བཅོས་མིན་རང་བཞིན་ཡིན་པར་ཁག་ཐེག་བྱེད་པའི་ཆེད་དུ་གློག་རྡུལ་མཚན་རྟགས་ཐུན་མོང་མ་ཡིན་པ་ཞིག་བརྒྱབ་ཡོད། ཨན་ཌོར་ཊི་ (Android) མ་ལག་ནང་དུ་འདི་ཉིད་བདེ་འཇགས་ལྡན་པའི་གསང་ཉར་སྣོད་ཁྲོད་དུ་འཁོར་སྐྱོད་བྱེད་ཅིང་། ཁྱེད་ཀྱི་གནས་སྡུད་སྲུང་སྐྱོབ་བྱེད་ཆེད་མཉེན་ཆས་གཞན་པ་དང་ཁོལ་དུ་ཕྱེས་ཡོད།
- བཟོ་བཅོས་བརྒྱབ་པའི་ཨེ་ཕི་ཁེ། (MOD APK): བཟོ་བཅོས་བརྒྱབ་པའི་ཨེ་ཕི་ཁེནི་གཞུང་ཕྱོགས་མཉེན་ཆས་ལ་བཅོས་སྒྱུར་བྱས་པའི་རིགས་ཤིག་ཡིན། གསང་རྟགས་མཁས་པ་ཚོས་གཞུང་ཕྱོགས་ཀྱི་APKདེ་བཤིགས་ནས་སྙིང་པོའི་ཡིག་ཚགས་ལ་བཟོ་བཅོས་རྒྱག་པ་དང་། དེ་ནས་ཡང་བསྐྱར་ཕྱོགས་སྡོམ་བྱེད་ཀྱི་ཡོད། ཡིག་ཚགས་ལ་བཟོ་བཅོས་བརྒྱབ་པའི་རྐྱེན་གྱིས་ཐོག་མའི་གློག་རྡུལ་མཚན་རྟགས་དེ་མེད་པར་བཟོས་ཡོད་པས་རང་ཉིད་ཀྱི་གསང་རྟགས་གསར་པ་བརྒྱབ་ནས་ཁ་པར་ནང་སྒྲིག་འཇུག་བྱེད་ཐུབ་པ་བཟོས་ཡོད།
ལེའུ་གཉིས་པ། ཊམ་དང་ཇེ་རིའི་གསང་རྟགས་འཐབ་རྩོད། (གསང་རྟགས་མཁས་པས་བདེ་འཇགས་ལྕགས་རི་བརྒལ་སྟངས)
གསང་རྟགས་མཁས་པ་ཚོས་མཉེན་ཆས་ལ་བཟོ་བཅོས་ཇི་ལྟར་རྒྱག་གམ། མཉེན་ཆས་བཟོ་མཁན་གྱིས་སྲུང་སྐྱོབ་ཇི་ལྟར་བྱེད་དམ། འདི་ནི་མཐར་མེད་པའི་ལག་རྩལ་གྱི་འགྲན་རྩོད་ཅིག་ཡིན།
༡། བཤིགས་སྒྲིག་གི་ལས་རྙོག (The Assembly Trap): ཨན་ཌོར་ཊི་ཁ་པར་གྱིས་ཀློག་བདེ་བའི་ཇ་ལྦ་ (Java) གསང་རྟགས་མ་ཡིན་པར་གློག་ཀླད་ཁོ་ནས་ཀློག་ཐུབ་པའི་ DEX གསང་རྟགས་འཁོར་སྐྱོད་བྱེད་ཀྱི་ཡོད། འོན་ཀྱང་གསང་རྟགས་མཁས་པ་ཚོས་རིན་མེད་ཀྱི་བཤིགས་བྱེད་ལག་ཆ་སྟེ་ APK Tool དང་། JADX སོགས་བཀོལ་ནས་ DEX ཡིག་ཚགས་རྣམས་ཀློག་བདེ་བའི་ “Smali” གསང་རྟགས་སུ་སྒྱུར་གྱི་ཡོད། གསང་རྟགས་འདིའི་ནང་དུ་ཁོ་ཚོས་སྒྲིག་ཆས་ཀྱི་ཐོབ་ཐང་དཔྱད་ཞིབ་བྱེད་པའི་བྱེད་ལས་རྣམས་ (དཔེར་ན། premium = false) བཙལ་ནས་ premium = true ཞེས་བཅོས་སྒྱུར་བྱེད་ཀྱི་ཡོད། དེ་ནས་ཡང་བསྐྱར་ཕྱོགས་སྡོམ་བྱས་ནས་བཟོ་བཅོས་བརྒྱབ་པའི་མཉེན་ཆས་གྲ་སྒྲིག་བྱེད་ཀྱི་ཡོད། ༢། བཟོ་མཁན་གྱི་སྲུང་སྐྱོབ། (ཚན་རྟགས་རྙོག་འཛིང་བཟོ་ཐབས) (Obfuscation): རང་ཉིད་ཀྱི་གསང་རྟགས་ལས་སླ་པོར་ཀློག་ཐུབ་པར་ཧ་ལས་ནས། མཉེན་ཆས་བཟོ་མཁན་ཚོས་ ProGuard འམ་ DashO སོགས་བཀོལ་ནས་གསང་རྟགས་མགོ་རྙོག་བཟོ་བར་བྱེད། ལག་རྩལ་འདི་ལ་ Obfuscation ཞེས་བརྗོད་ཅིང་། དེས་དོན་སྙིང་ལྡན་པའི་བྱེད་ལས་ཀྱི་མིང་རྣམས་རྙོག་འཛིང་ཅན་གྱི་མཚོན་རྟགས་ (དཔེར་ན། a འམ་ b ཡང་ན་ IlllIlII) སུ་སྒྱུར་བ་དང་། ཡིག་རྟགས་ཁག་གསང་བར་བསྒྱུར་ནས་མི་རྣམས་ཀྱིས་ཀློག་མི་ཐུབ་པ་བཟོ་ཡི་ཡོད། ༣། འཁོར་སྐྱོད་ཐད་ལྟའི་རྒོལ་ལན། (The Live Watch): གསང་རྟགས་རྙོག་འཛིང་བཟོས་པས་དབྱེ་ཞིབ་བྱེད་པའི་དུས་ཚོད་སྐར་མ་ཁ་ཤས་ནས་ཉིན་ཁ་ཤས་བར་འགོར་ཡང་། གསང་རྟགས་མཁས་པ་ཚོས་ Ghidra འམ་ IDA Pro སོགས་ཀྱི་རིམ་པ་མཐོ་བའི་ལག་ཆ་བཀོལ་ནས་མཉེན་ཆས་འཁོར་སྐྱོད་བྱེད་བཞིན་པའི་སྐབས་སུ་ཐད་ཀར་དཔྱད་ཞིབ་བྱས་ནས་འགོག་བརྒལ་བྱེད་ཀྱི་ཡོད། འདིའི་རྐྱེན་གྱིས་སྒྲིག་ཆས་ཀྱི་བྱེད་ལས་གང་ཞིག་འཁོར་སྐྱོད་བྱེད་བཞིན་པ་ཐད་ཀར་རྙེད་ཐུབ། ༤། སེར་ལྦར་སྟེང་དུ་སྤོ་བ། (Moving to Server-side): དེ་ནས་མཉེན་ཆས་བཟོ་མཁན་ཚོས་སྙིང་པོའི་བདེན་དཔང་བྱེད་ལས་རྣམས་རང་ཉིད་ཀྱི་སེར་ལྦར་ (Server) ཐོག་ཏུ་སྤོས་ཡོད། དཔེར་ན། ཁྱེད་ཀྱིས་ Netflix ཁ་འབྱེད་སྐབས། མཉེན་ཆས་ཀྱིས་སེར་ལྦར་གྱི་བདེ་འཇགས་གཞི་གྲངས་མཛོད་དུ་ཁྱེད་ལ་ཐོབ་ཐང་ཡོད་མེད་དྲི་བ་གཏོང་གི་ཡོད། གལ་ཏེ་སེར་ལྦར་གྱིས་ “མེད” ཅེས་ལན་བཏབས་ཚེ། ཁྱེད་ཉིད་བཀག་འགོག་བྱེད་ཀྱི་ོད། ༥། འབྲེལ་ལམ་འཕྲོག་བཅོམ། (The Traffic Hijack): གསང་རྟགས་མཁས་པ་ཚོས་དེ་མ་ཐག་སེར་ལྦར་དང་མཉེན་ཆས་བར་གྱི་འཕྲིན་གཏོང་མཚམས་བཅད་ནས་གནས་ཚུལ་ལ་བཟོ་བཅོས་བརྒྱབ་པ་རེད། ཁོ་ཚོས་སེར་ལྦར་གྱི་ “མེད” ཅེས་པའི་ལན་དེ་ “ཡོད” ཅེས་པར་བསྒྱུར་ནས་མཉེན་ཆས་ལ་མགོ་སྐོར་བཏང་ནས་སྒྲིག་ཆས་རྣམས་རིན་མེད་དུ་བཀོལ་སྤྱོད་བྱེད་བཅུག་གི་ཡོད། ༦། གྷུ་གྷལ་གྱི་ལྕགས་རི། (Google’s Shield): འདི་བཀག་འགོག་བྱེད་ཆེད། གྷུ་གྷལ་གྱིས་ Play Integrity Protection (གཞུང་དྲང་སྲུང་སྐྱོབ) ཟེར་བའི་མཛོད་ཅིག་བཏོན་པ་རེད། ལག་ཆ་འདིས་འཁོར་སྐྱོད་བྱེད་བཞིན་པའི་མཉེན་ཆས་ལ་བཟོ་བཅོས་བརྒྱབ་ཡོད་མེད་ཞིབ་བཤེར་བྱེད་ཅིང་། གལ་ཏེ་བཟོ་བཅོས་བརྒྱབ་པ་ཤེས་ཚེ་མཉེན་ཆས་རང་བཞིན་གྱིས་བཀག་འགོག་བྱེད་ཀྱི་ཡོད། ༧། སྲུང་སྐྱོབ་གསང་རྟགས་གསུབ་པ། (The Library Delete): བྱི་ལ་དང་བྱི་བའི་རྩེད་མོ་ནང་བཞིན། གསང་རྟགས་མཁས་པ་ཚོས་བཤིགས་ཟིན་པའི་མཉེན་ཆས་ནང་ནས་ Play Integrity གསང་རྟགས་དེ་རྙེད་པ་དང་། དེ་ཉིད་རྩ་མེད་དུ་བསུབས་ནས་ཡང་བསྐྱར་ཕྱོགས་སྡོམ་བྱས་ཏེ་སྲུང་སྐྱོབ་ཀྱི་ལྕགས་རི་དེ་ཡང་བསྐྱར་བརྒལ་བ་རེད།
ལེའུ་གསུམ་པ། ཅིའི་ཕྱིར་བཟོ་བཅོས་རྒྱག་གམ། (སྤྱོད་མཁན་དང་བཟོ་བཅོས་རྒྱག་མཁན་གྱི་ཁེ་ཕན)
གློག་རྡུལ་གྱི་གཡུལ་ས་འདི་ཅིའི་ཕྱིར་ཡོད་དམ་ཞེ་ན།
- སྤྱོད་མཁན་གྱི་ཆེད་དུ། སྤྱོད་མཁན་ཚོས་དངུལ་སྤྲོད་དགོས་པའི་བཀག་སྡོམ་བརྒལ་ཆེད་བཟོ་བཅོས་བརྒྱབ་པའི་མཉེན་ཆས་བཀོལ་གྱི་ཡོད། ཁོ་ཚོས་རིན་མེད་ཐོག་ནས་གླུ་གཞས་དང་གློག་བརྙན་གྱི་སྒྲིག་ཆས་བཀོལ་འདོད་པ་དང་། རྩེད་མོའི་ནང་གི་གསེར་དངུལ་རིན་མེད་ཐོབ་པ། དེ་བཞིན་གསལ་བསྒྲགས་མེད་པ་བཟོ་འདོད་ཀྱི་ཡོད། དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་ལུང་པའི་ནང་དུ་འདི་ནི་འཛམ་གླིང་གི་མཉེན་ཆས་བཀོལ་སྤྱོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཆགས་ཡོད།
- བཟོ་བཅོས་རྒྱག་མཁན་གྱི་ཆེད་དུ། ཅིའི་ཕྱིར་གསང་རྟགས་མཁས་པ་ཚོས་དུས་ཚོད་བཏང་ནས་མཉེན་ཆས་འདི་དག་གཏོར་རམ། ཁ་ཤས་ཀྱིས་རང་ཉིད་ཀྱི་རྩལ་ལག་ཡར་རྒྱས་གཏོང་བ་དང་ལག་རྩལ་སྦྱོང་བའི་ཆེད་དུ་བྱེད་ཀྱི་ཡོད། འོན་ཀྱང་བཟོ་བཅོས་རྒྱག་མཁན་དང་མཉེན་ཆས་བཀྲམ་མཁན་མང་པོ་ཞིག་ལ་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཡོད། བཟོ་བཅོས་བརྒྱབ་པའི་མཉེན་ཆས་བརྒྱུད་ནས་ཁོ་ཚོས་གཞན་གྱི་ཤེས་བྱའི་བདག་དབང་འཕྲོག་པ་དང་། རང་ཉིད་ཀྱི་གསལ་བསྒྲགས་བཅུག་ནས་དངུལ་བཟོ་བ། ཡང་ན་སྤྱོད་མཁན་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད།
ལེའུ་བཞི་པ། གསང་བའི་ཉེན་ཚབས་ཆེན་པོ། (སྤྱོད་མཁན་གྱིས་ངེས་པར་དུ་ཤེས་དགོས་པའི་ཉེན་ཁ)
བཟོ་བཅོས་བརྒྱབ་པའི་མཉེན་ཆས་ཚོ་ཡིད་དབང་འཕྲོག་པ་ཞིག་སྣང་ཡང་། དོན་དངོས་ཐོག་སྤྱོད་མཁན་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།
- གནོད་ལྡན་ཉེན་ཁ་ལྡབ་ ༡༠ ཡོད། (10x Malicious Threat): ཁེམ་བྷི་རི་ཇི་སློབ་གྲྭ་ཆེན་མོའི་ (University of Cambridge) ཞིབ་འཇུག་ཆེན་མོ་ཞིག་ལས་གསལ་བ་ལྟར། བཟོ་བཅོས་བརྒྱབ་པའི་ཨན་ཌོར་ཊི་མཉེན་ཆས་རྣམས་གཞུང་ཕྱོགས་ཀྱི་མཉེན་ཆས་དང་བསྡུར་ན་གནོད་ལྡན་དུག་རྫས་ (Malware) ཡོད་པའི་ཉེན་ཁ་ལྡབ་ ༡༠ ཡིས་ཆེ་བ་ཡོད།
- དུག་རྫས་དང་གསང་བའི་གཏོར་རྒོལ།: བཟོ་བཅོས་བརྒྱབ་པའི་མཉེན་ཆས་ནང་དུ་དུག་རྫས་དང་ཉེན་ཁ་ཅན་གྱི་གསང་རྟགས་མང་པོ་ཡོད། དཔེར་ན། སྐད་གྲགས་ཆེ་བའི་ SimpleLocker ཟེར་བའི་གནོད་ལྡན་མཉེན་ཆས་ཀྱིས་ཁ་པར་ནང་གི་ཡིག་ཚགས་ཚང་མ་གསང་སྒྲིག་བྱས་ནས་གསང་འགྲོལ་བྱེད་པར་དངུལ་བཙན་འཕྲོག་བྱེད་ཀྱི་ཡོད།
- དཔལ་འབྱོར་གྱི་གྱོང་གུད།: བཟོ་བཅོས་བརྒྱབ་པའི་མཉེན་ཆས་ ༢༡% ནང་དུ་གསང་རྟགས་མཁས་པ་ཚོས་གསལ་བསྒྲགས་ཀྱི་ངོས་འཛིན་རྟགས་ (Ad ID) ལ་བཟོ་བཅོས་བརྒྱབ་ནས། མཉེན་ཆས་བཟོ་མཁན་ལ་ཐོབ་དགོས་པའི་གསལ་བསྒྲགས་ཡོང་འབབ་རྣམས་རང་ཉིད་ཀྱི་ཁུག་མའི་ནང་དུ་འཕྲོག་གི་ཡོད།
- བདེ་འཇགས་ལྕགས་རི་ཞིག་པ།: ཨན་ཌོར་ཊི་མ་ལག་གིས་མཉེན་ཆས་ཁག་བདེ་འཇགས་ངང་སོ་སོར་འཇོག་པའི་བདེ་འཇགས་ལྕགས་རི་ (Sandbox) ཞིག་བཟོས་ཡོད། འོན་ཀྱང་ཁྱེད་རང་ཉིད་ཀྱིས་ཆོག་མཆན་མེད་པའི་མཉེན་ཆས་ཁ་པར་ནང་སྒྲིག་འཇུག་བྱེད་སྐབས། ཁྱེད་ཀྱིས་མཉེན་ཆས་དེ་ལ་དབང་ཆ་ (ཡིག་ཚགས་དང་། གནས་ཡུལ། ཁ་པར་གནས་བབས་སོགས) སྤྲད་པའི་རྐྱེན་གྱིས་བདེ་འཇགས་ཀྱི་སྲུང་སྐྱོབ་ལྕགས་རི་དེ་རང་བཞིན་གྱིས་བཤིག་གི་ཡོད།
ལེའུ་ལྔ་པ། གསང་རྟགས་འཐབ་རྩོད་ཀྱི་མ་འོངས་པ།
མ་འོངས་པར་འཐབ་རྩོད་འདི་གང་དུ་འགྲོ་འམ།
- འཁོར་སྐྱོད་རང་བཞིན་གྱི་སྲུང་སྐྱོབ།: མཉེན་ཆས་བཟོ་མཁན་ཚོས་ Runtime Application Self-Protection (RASP) ཟེར་བའི་ལག་རྩལ་བཀོལ་སྤྱོད་བྱེད་བཞིན་ཡོད། ལག་རྩལ་འདིས་མཉེན་ཆས་འཁོར་སྐྱོད་བྱེད་བཞིན་པའི་སྐབས་སུ་བཤིགས་སྒྲིག་བྱེད་པའི་ཉེན་ཁ་རྣམས་དུས་ཐོག་ཏུ་ཤེས་ནས་རང་བཞིན་གྱིས་བཀག་འགོག་བྱེད་ཀྱི་ཡོད།
- སྤྲིན་ཚོགས་དང་ལག་རྩལ་གསར་པ།: མ་འོངས་པར་མཉེན་ཆས་རྣམས་སྤྲིན་ཚོགས་ (Cloud) ཐོག་ཏུ་འཁོར་སྐྱོད་བྱེད་པ་དང་། ཁྱེད་ཀྱི་ཁ་པར་ནང་གསང་རྟགས་ཕབ་ལེན་བྱེད་མི་དགོས་པར་བཟོ་བཞིན་ཡོད་པས། བཟོ་བཅོས་རྒྱག་པའི་ལམ་ཁ་རྩ་བ་ནས་མེད་པར་བཟོ་བཞིན་ཡོད། དེ་དང་མཉམ་དུ་མཉེན་ཆས་བཟོ་མཁན་ཚོས་རིན་མེད་ཐོག་བཀོལ་སྤྱོད་བྱེད་ཐུབ་པའི་ལམ་ཁ་གསར་པ་དང་། གཞུང་ཕྱོགས་ཀྱི་ཚོད་ལྟའི་མཉེན་ཆས་སོགས་བཏོན་ནས་བཟོ་བཅོས་བརྒྱབ་པའི་མཉེན་ཆས་ཀྱི་དགོས་མཁོ་ཉུང་དུ་གཏོང་བཞིན་ཡོད།
སྤྱོད་མཁན་གྱི་ངེས་པར་དུ་དྲན་དགོས་པའི་གནད་དོན། 💡
གལ་ཏེ་ཁྱེད་ཀྱིས་གནད་དོན་གཅིག་དྲན་དགོས་ཚེ། དེ་ནི་“རིན་མེད་ཀྱི་ཉིན་ཟས”ཟེར་བ་ཞིག་འཛམ་གླིང་འདིར་མེད། བཟོ་བཅོས་བརྒྱབ་པའི་མཉེན་ཆས་བཀོལ་ནས་རིན་མེད་ཐོབ་ཐང་ལེན་པ་དེས། དོན་དངོས་ཐོག་ཁྱེད་ཀྱི་གསང་གནས་དང་། གནས་སྡུད། དེ་བཞིན་ཁ་པར་གྱི་བདེ་འཇགས་བརྗེ་ལེན་བྱེད་བཞིན་ཡོད། ཁྱེད་ཀྱི་ཁ་པར་བདེ་འཇགས་ཡོང་བའི་ཆེད་དུ། རྟག་ཏུ་གཞུང་ཕྱོགས་ཀྱི་ཉེར་སྤྱོད་ཚོང་རྭ་སྟེ་ Google Play སོགས་ནས་མཉེན་ཆས་ཕབ་ལེན་བྱེད་དགོས། དེའི་ནང་དུ་བདེ་འཇགས་ཀྱི་སྲུང་སྐྱོབ་ཡོད་པས་ཁྱེད་ཉིད་ཉེན་ཁ་ལས་སྐྱོབ་ཐུབ།

