Free Download Manager

མཉེན་ཆས་ངོ་སྤྲོད།

མཉེན་ཆས་ངོ་སྤྲོད།

མཉེན་ཆས་འདི་ནི་ཉེ་སྔོན་དྲ་གྲོགས་ཏྲེ་ཧོར་བསོད་ནམས་ལགས་ཀྱི་ངོ་དེབ་རྒྱུད་ཐོག་མར་ཤེས་རྟོགས་བྱུང་བ་དང་། མཉེན་ཆས་འདི་བདུན་ཕྲག་གཉིས་རིང་བེད་སྤྱོད་བྱས་མཐར་དེ་རིང་འདིར་ཁྱེད་རྣམས་ལ་མཉེན་ཆས་ལེགས་པོ་འདིའི་ནུས་པ་ཆ་ཚང་ཞིག་ངོ་སྤྲོད་བྱེད་འདོད་བྱུང་།

Free Download Manager ཟེར་བའི་མཉེན་ཆས་འདི་ནི་རིན་མེད་ཡིན་ཁར་ཁྱབ་བསྒྲགས་དང་དགོས་མེད་མཉེན་ཆས་གཞན་ཤུལ་དུ་མེད་པ། སྒྲིག་འཇུག་ཐད་ཀར་ཡིན་པས་དུས་ཡུན་སྐར་ཆ་འགའ་ཤས་ལས་མི་འགོར། མཉེན་ཆས་འདིའི་བྱེད་ནུས་གཙོ་བོ་ནི་དྲ་རྒྱའི་ཐོག་ཡིག་ཆ་ཆེ་བའི་རིགས་རྣམས་བདེ་མྱུར་ཕབ་ལེན་དང་དྲ་རྒྱའི་བར་ཆད་བྱུང་ཡང་གྲབས་གསོག་གམ་ཕབ་ལེན་ཕྱེད་ཀ་ནས་མུ་མཐུད་ཐུབ་པ་ཞིག་ཡོད། སྤྱིར་བཏང་ཡིག་ཆ་ཙམ་དུ་མ་ཟད་ཊོ་རེན་དྲ་གནས་ (torrent site) རྒྱུད་ཡིག་ཆ་ཅི་རིགས་ཕབ་ལེན་ཐུབ་པ་ཞིག་རེད། ད་དུང་ཡུ་ཊུབ་ནས་གློག་བརྙན་འདྲ་ལེན་དགོས་ན་མཉེན་ཆས་དེས་ཕབ་ལེན་ཐུབ་ཀྱི་འདུག

མཉེན་ཆས་དེ་སྐར་ཁུང་དང་ཀུ་ཤུའི་གློག་ཀླད་གཉིས་ཀའི་ནང་སྤྱོད་རྒྱུ་ཡོད་ཁར་སྒྲིག་འཇུག་བྱེད་སྟབས་བདེ་བ་དང་བེད་སྤྱོད་བྱེད་རྒྱུར་དེ་བས་ལས་ལྷ།

མཉེན་ཆས་ལོན་སའི་དྲ་ཚིགས་ཨ་མ་ནི། https://www.freedownloadmanager.org/
Baidu དྲ་གནས་དུ་འདྲ་བཤུས་གཅིག་ཡོད། སྐར་ཁུང་ 64Bit https://pan.baidu.com/s/1rakL9c4
Baidu དྲ་གནས་དུ་འདྲ་བཤུས་གཅིག་ཡོད། སྐར་ཁུང་ 32Bit https://pan.baidu.com/s/1dAGuya
Baidu དྲ་གནས་དུ་འདྲ་བཤུས་གཅིག་ཡོད།

མཉེན་ཆས་འདི་སྤྱོད་སྐབས་དྲ་ཚིགས་གཞན་ནས་ URL ཟེར་བའམ་ཡིག་ཆའི་མཐུད་སྣེའམ་(དྲ་ཐག་) དབྱིན་སྐད་ཐོག་ link ཟེར་བ་དེ་བཤུ་ནས་མཉེན་ཆས་འདིའི་སྒང་གི་བསྡོམ་རྩིས་རྟགས་ + དེའི་སྟེང་འཇོག་དང་དེ་མ་ཐག་ཕབ་ལེན་གྲབས་བྱེད་ངེས་རེད།

གོང་དུ་དཔེ་རིས་ནང་གསལ་བ་བཞིན་ཡིག་ཆ་འདི་ལ་ཆེ་ཆུང་ནི་ཨེམ་བྷི་ 25.7 རེད།

དམིགས་བསལ་གྱི་ཁྱད་ཆོས།

མཉེན་ཆས་འདི་ལ་དམིགས་ཁྱད་ཆོས་མང་པོ་ལྡན་ཡོད། དེ་དག་ནི།

  1. ཕབ་ལེན་ཡིག་ཆ་ཆེན་པོ་ཡོད་ན་ཆ་བགོས་བྱས་དེ་ཕབ་ལེན་བྱེད་པ། དེས་ཕབ་ལེན་མྱུར་ཚད་མགྱོགས་སུ་གཏོང་ཐུབ་པ།
  2. ཕབ་ལེན་ཡིག་ཆ་རྫིབ་ (zip) བྱས་པ་ཞིག་ཡོད་ན། ཕབ་ལེན་སྐབས་རྫིབ་ཀྱི་ནང་ངོས་ཡིག་ཆ་ལས་དབྱེ་གསེས་ཀྱི་ཕབ་ལེན་བྱེད་རྒྱུ་ཡོད། དེས་དགོས་མཁོ་ཡོད་པ་དེ་ལོན་དགོས་མཁོ་མེད་པ་དེ་གཡུག་ཐུབ།
  3. ཡིག་ཆ་ཞིག་ཕབ་ལེན་བྱེད་བཞིན་སྐབས་དྲ་རྒྱ་གློ་བུར་དུ་ཆད་པ་ལྟ་བུ་བྱུང་ན་སེམས་ཁྲལ་མི་དགོས། དྲ་རྒྱ་སླེབས་པ་དང་དེ་སྔོན་གྱི་ཕབ་ལེན་བྱེད་མཚམས་ནས་མུ་མཐུད་མཇུག་བསྐྱང་ཐུབ།
  4. ཕབ་ལེན་ཟིན་པའི་ཡིག་ཆ་རྣམས་དུས་རྒྱུན་ Download ཟེར་བའི་ཡིག་ཁུག་ནང་སྡོད་ཀྱི་ཡོད། མཉེན་ཆས་འདིས་ཕབ་ལེན་ཟིན་པའི་ཡིག་ཆ་རྣམས་བསྐྱར་དུ་ Video དང་ Program, Music, Document ཟེར་བའི་ཡིག་ཁུག་འཕར་མ་བཟོས་ཏེ་ཡིག་ཆ་རྣམས་དབྱེ་གསེས་ལེགས་པོ་བྱེད་ཐུབ།
  5. འདིར་ད་དུང་ཁྱད་ཆོས་ལེགས་ཤོག་གཅིག་ནི། utorrent དང་ vuze, bitorrent ནང་བཞིན་མཉེན་ཆས་འདིས་ཊོ་རེན་(torrent)ཡིག་ཆ་ཕབ་ལེན་ཐུབ་ཀྱི་འདུག

ཚོད་ལྟ་ཞིག་བྱས་པ།

སྤྱིར་ Free Download Manager དེ་བེད་སྤྱོད་ཡོང་རྒྱུར་ཡིག་ཆ་ག་གེ་མོ་ཞིག་གི་མཐུད་སྣེ་ URL དེ་གསལ་པོ་བཏོན་ཐུབ་ན་མཉེན་ཆས་འདིས་ཕབ་ལེན་མི་ཐུབ་པའི་ས་མིན་འདུག །འོན་ཀྱང་དེང་གི་དྲ་ཚིགས་མང་པོ་ཞིག་ URL ཐད་ཀར་འཇོག་རྒྱུའི་ཚབ་དུ་ལྐོག་ཏུ་བཀོད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ད་ལྟའི་མཉེན་ཆས་འདི་འདྲ་བ་དེ་ཚོས་དྲ་ཚིགས་ནས་ཡིག་ཆ་ཐ་དག་བརྐུ་མི་ཤོར་བ་བྱེད་པ་དང་། ཕབ་ལེན་མི་ཐུབ་པ་བཟོ་ཐབས་ཞིག་སྤྱད་ཀྱི་ཡོད། གང་ལྟར་དྲ་ཚིགས་མང་པོས་དྲ་གནས་ནས་ཕབ་ལེན་བྱེད་མི་བཅུག་པ་བཟོ་བ་དང་། མཉེན་ཆས་བཟོ་མཁན་ཁ་ཤས་ཀྱིས་ཕབ་ལེན་བྱེད་ཐུབ་ཐབས་ཀྱི་རྩོད་ལེན་བྱེད་པ་ TOM & JERRY (ཕྲུ་གུ་ལྟད་མོའི་ནང་ཙི་ཙི་དང་ཞི་མི་གཉིས་ཕན་ཚུན་ཀྱག་ཀྱག་བྱས་རེས་བྱས་པ་ལྟ་བུ་)རང་རེད། གང་ལྟར་སོ་སོ་ལ་སོ་སོའི་དགོས་པ་རྒྱུ་མཚན་རེ་རེ་ཡོད།

མཉེན་ཆས་འདི་སྤྱད་དེ་ངས་གཤམ་འོག་གི་དྲ་གནས་འདི་དག་ལས་བརྙན་དང་སྒྲ་དང་ཡིག་ཆ་ཅི་རིགས་ཕབ་ལེན་བྱེད་ཐུབ་མིན་ཚོད་ལྟ་ཞིག་བྱས་པ་ཡིན།

  • YouTube [ཐད་ཀར་ཕབ་ལེན་བྱེད་ཐུབ།]
  • Facebook [ཐད་ཀར་ཕབ་ལེན་བྱེད་མི་ཐུབ།]
  • SoundCloud [ཐད་ཀར་ཕབ་ལེན་བྱེད་མི་ཐུབ།]
  • YouKu [ཐད་ཀར་ཕབ་ལེན་བྱེད་མི་ཐུབ།]
  • DailyMotion [ཐད་ཀར་ཕབ་ལེན་བྱེད་མི་ཐུབ།]
  • Email Attachment [ཐད་ཀར་ཕབ་ལེན་བྱེད་མི་ཐུབ།]
  • Image, PDF, Docs, PPT སོགས། [ཐད་ཀར་ཕབ་ལེན་བྱེད་ཐུབ།]

ཚོད་ལྟ་བྱས་མཐར་ Free Download Manager མཉེན་ཆས་འདིས་ཐད་ཀར་དྲ་སྣེ་ URL ཡོད་མཁན་ YouTube དང་ ཊོ་རེན་ཡིག་ཆ། དཔར། PDF སོགས་ཕབ་རྒྱུ་ཡོང་བ་ལས་དེ་མིན་གྱི་གློག་བརྙན་ལྟ་སའི་དྲ་གནས་མིང་གྲགས་ཡོད་པ་དེ་དག་ལས་ཕབ་ལེན་དུ་བེད་སྤྱོད་མིན་འདུག

མཁྱེན་རྟོགས་བདེ་བའི་ཆེད་གཤམ་གྱི་བརྙན་ཟློས་ལ་གཟིགས་ན།


Leave a Reply

Your email address will not be published. Required fields are marked *