blogger དང་ངའི་ཟིན་བྲིས།

ངའི་བསམ་པར་ཟིན་བྲིས་བཀོད་རྒྱུ་ནི་མི་ཆེ་ཆུང་སུ་འདྲ་ཞིག་ལ་ཆ་མཚོན་ནའང་གལ་ཆེན་པོ་ཞིག་ཏུ་མཐོང་། རང་ཉིད་ཀྱི་ཤེས་བྱའི་ཆུད་ཚད་ལེགས་མིན་དང་རྩོམ་ཡིག་གི་སྤུས་ཀ་དག་མིན་ལ་མི་ལྟོས་པར་ཟིན་བྲིས་བཀོད་རྒྱུ་ནི་སྒེར་གྱི་ཟིན་བྲིས་ཙམ་དུ་མ་ཟད་བོད་ཀྱི་སྤྱི་ཚོགས་ཧྲིལ་པོ་དེང་དུས་དྲ་ལམ་རྒྱུད་ཤེས་སྤེལ་གྱི་དར་གསོ་དང་མཐུན་པ་དང་དྲ་མི་རྣམས་ལ་ཕུལ་ཐུབ་པའི་ལེགས་སྐྱེས་བཟང་པོ་ཞིག་ཀྱང་ཆགས་སྲིད། ཉིན་ཤས་སྔོན་རང་ཉིད་ཀྱི་ངོ་ཤེས་གྲོགས་པོ་ཞིག་དང་ཁ་བརྡ་བྱེད་པའི་རྒྱུད་ངས་ད་ལྟ་གཉེར་བཞིན་པའི་སྒེར་གྱི་ཟིན་བྲིས་དེ་སྐོར་སླེབས་བྱུང་། ངས་རང་ཉིད་ཀྱི་ཟིན་བྲིས་དྲ་ཚིགས་དེའི་ལོ་རྒྱུས་མདོར་བསྡུས་ཙམ་དང་། དེ་ནས་ཁོ་བོར་ཟིན་བྲིས་དེ་འདྲ་སོ་སོས་ཀྱང་ལས་ལྷ་པོའི་ངང་བཟོ་ཐུབ་ཟེར་ནས། ཆུ་ཚོད་ཕྱེད་ཀའི་ནང་ངོ་སྤྲོད་བྱས་པ་ཡིན།

དེར་བརྟེན་དེ་རིང་ངས་ངའི་ཟིན་བྲིས་དྲ་ཚིགས་དེ་དང་འབྲེལ་ནས་ཟིན་བྲིས་སྐོར་གྱི་སྐད་ཆ་འགའ་ཆད་འདོད།

དེང་དྲ་ལམ་ནང་བོད་མི་མང་པོས་རྩོམ་ཡིག་སྤེལ་ཀློག་དང་མཆན་སྤེལ་རེས་སོགས་ཀྱི་ཡོ་ལངས་ཞིག་འཚུབ་པ་ནི་བོད་ཡིག་དར་སྤེལ་ལ་བསྐུལ་འདེད་བྱེད་པ་ནི་དགའ་ངོས་པ་ཞིག་ཡིན། དེ་ཡང་དམིགས་བསལ་ཁ་བརྡ་དྲ་ཚིགས་ལྟ་བུར་ཆ་མཚོན་ན་ཉིན་རེར་རྩོམ་ ༨ ནས་ ༡༥ བར་སྤེལ་མཁན་དང་། རྩོམ་ཀློག་མཁན་ལ་ཡང་ཉིན་རེར་དྲ་མི་ ༤༠༠༠ ནས་ ༦༠༠༠ ཡས་མས་སླེབས་ཀྱི་ཡོད་པ་ནི་ཧ་ལས་དགོས་པ་ཞིག་ཡིན། རྩོམ་སྤེལ་མཁན་མང་པོས་ཁ་བརྡ་དྲ་ཚིགས་དང་དེ་བཞིན་དྲ་ཚིགས་མང་པོ་ཞིག་ལ་རྩོམ་ཡིག་ཐད་ཀར་བསྐུར་ནས་སྤེལ་ཡོད། རྩོམ་པ་པོ་མང་པོ་ཞིག་ལ་རང་ཉིད་ཀྱི་རྩོམ་ཡིག་རྣམས་ཕྱོགས་གཅིག་ཏུ་ཉར་ཚགས་བྱེད་པའི་གལ་འགངས་ཤེས་པའི་ཐོག་སྒེར་གྱི་ཟིན་བྲིས་དྲ་ཚིགས་ཡོད། དཔེར་ན། རྩོམ་པ་པོ་ ཆུང་ཚེ་རིང་ ( chungtse.blogspot.com )དང་ ཀླུ་སྨྱོན་ ཧེ་རུ་ཀ་ ( lunyonheruka.blogspot.com) དེ་བཞིན་སློབ་མ་བསྟན་འཕྲིན་ལས་ཀྱི་ཟིན་བྲིས་ ( tibetansky.blogspot.com )ལྟ་བུ་ཁོང་ཚོར་སྒེར་གྱི་རྩོམ་ཡིག་རྣམས་ཟིན་བྲིས་དྲ་ཚིགས་ཐོག་བལྟ་ཀློག་བྱེད་རྒྱུ་ཡོད། དེ་མིན་རྩོམ་པ་པོ་མང་པོ་ཞིག་ལ་སྒེར་གྱི་ཟིན་བྲིས་དྲ་ཚིགས་དམིགས་བསལ་མེད་པ་དེ་འདྲ་ཡང་འདུག །གལ་ཏེ་རང་ཉིད་ལ་སྒེར་གྱི་དྲ་ཚིགས་མེད་པ་དང་སྒེར་གྱི་རྩོམ་ཡིག་མང་པོ་ཞིག་དྲ་ཚིགས་གཞན་གྱི་ཐོག་སྤེལ་ཡོད་ན། ངའི་བསམ་པར་དང་པོ་ཁྱེད་ཀྱི་ད་བར་སྤེལ་ཟིན་པའི་ཟིན་བྲིས་དེ་དག་ཕྱོགས་སྒྲིག་ཞིག་ངེས་པར་དུ་བྱེད་ན་བཟང་། དེ་ནས་རང་ཉིད་སྒེར་གྱི་ཟིན་བྲིས་བཟོས་རྗེས་རྩོམ་ཡིག་དེ་དག་ཟིན་བྲིས་དྲ་ཚིགས་དེའི་ཐོག་སྤུངས་དགོས། གལ་ཏེ་དཔྱད་གཞིའི་ཡིག་ཆ་དང་གཞན་ལ་སྟོན་འདོད་མེད་པའི་གལ་ཆེའི་ཡིག་ཆ་དེ་འདྲ་ཡིན་ན། དེ་རིགས་མི་སྤེལ་ན་ལེགས།

དེང་གི་དུས་སུ་རིན་མེད་ཟིན་བྲིས་སྤེལ་སའི་ས་ཆ་ཧ་ཅང་མང་པོ་ཡོད་པ་དང་དེ་དག་ལས་གང་ཞིག་འདེམས་ཀྱང་ཆོག་མོད། འོན་ཀྱང་ང་རང་སྒེར་གྱི་ཉམས་མྱོང་དང་ཚོད་ལྟའི་རྒྱུད་ངས་ལེགས་ཤོས་སུ་མཐོང་བ་ནི་གུ་གུལ་གྱི་རིན་མེད་ཟིན་བྲིས་ཞབས་ཞུ་ www.blogger.com དེ་ཡིན། གལ་ཏེ་རང་ཉིད་ཀྱི་ཟིན་བྲིས་རྣམས་བོད་ཡིག་ཡིན་ན་དེ་བས་ཀྱང་ www.blogger.com ནང་འཇོག་ཐུབ་ན་དགེ་མཚན་ཆེ་བ་མཐོང་། རང་ཉིད་ལ་ Gmail གློག་འཕྲིན་ཁ་བྱང་ཡོད་ན་ www.blogger.com ནང་དེབ་སྐྱེལ་བྱེད་མི་དགོས་པར་ཐད་ཀར་ནང་དུ་འཛུལ་ ( Login ) བྱེད་ན་འགྲིགས། ད་ལྟ་ཁྱེད་ཀྱིས་གཟིགས་བཞིན་པའི་གུས་པའི་སྒེར་གྱི་དྲ་ཚིགས་དེ་ཡང་ www.blogger.com སྤྱད་ནས་ http://sonamdawa.blogspot.com བཟོས་པ་ཞིག་ཡིན། དེ་ཐོག་མར་ཕྱི་ལོ་ ༢༠༠༩ ལ་བསམ་མེད་ངང་བཟོས་པ་ཡིན། དེ་དུས་ཟིན་བྲིས་བཟོས་ཟིན་ཡང་ནང་དོན་དམིགས་བསལ་གང་ཡང་མེད། དྲ་ཚིགས་ཀྱི་བཟོ་བཀོད་ཀྱང་སྙིང་རྗེ་པོ་མེད། རང་ཉིད་ལ་དུས་ཚོད་འཁོམ་པ་བྱུང་བ་དང་རྩོམ་རེ་གཉིས་བྲིས་ཡོད་པ་ལས་གཞན་གང་ཡང་མེད།

ཕྱི་ལོ་ ༢༠༡༡ ལོ་མཇུག་ཏུ་གུས་པས་བོད་སྐད་ཐོག་རྩིས་འཁོར་ཤེས་བྱའི་སྐོར་གྱི་བརྙན་ཟློས་འགའ་བཟོ་འགོ་བཙུགས་པ་དང་། དེ་དང་མཚམས་པའི་བོད་ཡིག་ཟིན་བྲིས་འབྲི་བའི་བསམ་བློ་འཁོར།  སྔོན་ནས་ཡོད་པའི་བོད་ཡིག་ཟིན་བྲིས་སྟོང་པ་ http://sonamdawa.blogspot.com དེ་གའི་ནང་བོད་ཡིག་ཐོག་གློག་ཀླད་ཤེས་བྱའི་སྐོར་གྱི་རྩོམ་ཡིག་འབྲི་འགོ་བཙུགས་པ་ཡིན། དང་ཐོག་གུས་པའི་བོད་ཡིག་ཆུད་ཚད་ཡག་པོ་མེད་པ་དང་། གཉིས་ནས་གློག་ཀླད་དང་འབྲེལ་བའི་མིང་ཚིག་དང་བརྡ་ཆད་ལ་དམིགས་བསལ་རྒྱུད་མངའ་མེད་དུས་བོད་དང་རྒྱ་གར་ནང་ཡོད་པའི་གློག་ཀླད་དཔེ་དེབ་མང་པོར་བལྟ་ཀློག་དང་གཞི་བཅོལ་བ་ཡིན། སྤྱིར་བཏང་དབྱིན་ཡིག་ཐོག་གློག་ཀླད་ཤེས་བྱའི་སྐོར་འབྲི་རྩོམ་ལ་དཀའ་ངལ་དེ་འདྲ་མེད་ཀྱང་བོད་ཡིག་ནང་འབྲི་སྐབས་དག་ཆ་དང་། སུམ་རྟགས། བརྡ་ཆད་སོགས་ལ་དམིགས་བཀར་གྱི་ཟབ་ནན་དང་། དུས་ཚོད་མང་བ་བཏང་དགོས་ཀྱི་འདུག །འོན་ཀྱང་སྐབས་དེ་དུས་གུས་པའི་དྲ་ཚིགས་ཐོག་བལྟ་ཀློག་བྱེད་མཁན་མང་པོས་དག་བཅོས་བྱེད་རོགས་དང་། དེ་བཞིན་གློག་ཀླད་ཤེས་བྱའི་རྩོམ་ཡིག་འབྲི་བའི་སྐུལ་མ་གནང་མཁན་མང་པོ་བྱུང་བ་དང་། དམིགས་བསལ་སྒེར་རང་ཉིད་ལ་ཡང་དབྱིངས་དང་དོ་སྣང་ཡོད་པས་རིམ་པས་སྒེར་གྱི་ཟིན་བྲིས་དེ་ཡག་ནས་ཡག་ཏུ་ཕྱིན་སོང་།

ཕྱི་ལོ་ ༢༠༡༣ ཟླ་བ་ ༩ པར་གུས་པའི་ཟིན་བྲིས་ཁ་བྱང་སྔར་ http://sonamdawa.blogspot.com ནས་ད་ལྟ་དྲ་ཚིགས་ཀྱི་མིང་ www.sonamdawa.com ཐོག་སྤོས་ཟིན་པ་ཡིན་ལ་ཟིན་བྲིས་ཀྱི་བཟོ་བཀོད་ཀྱང་ཕྱོགས་ཡོངས་ནས་འགྱུར་བ་བཏང་བ་ཡིན་པས་ད་ལྟའི་དྲ་ཚིགས་ཀྱི་རྣམ་པ་དེ་ཆགས་ཡོད།

དུས་ཡུན་རིང་པོ་ཞིག་གི་སྔོན་ནས་གུས་པས་ blogger ནང་ཟིན་བྲིས་བཟོ་སྟངས་ཀྱི་སློབ་འཁྲིད་ཀྱི་བརྙན་ཟློས་འགོ་ནས་མཇུག་བར་བཟོ་རྒྱུའི་བསམ་པ་ཡོད། འོན་ཀྱང་དེ་ནི་གཙོ་བོ་རེ་སྐུལ་བྱེད་མཁན་མང་ལོས་དང་གཉིས་ནས་གུས་པར་དུས་ཚོད་ལྕོག་མིན་ལ་རགས་ལུས་འདུག །

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།