སློབ་ལོ་དང་། ཤེས་བྱ། འཇེམ་ཐང་བཅས་རགས་ཙམ་གླེང་བ།

སློབ་སྦྱོང་གི་ལོ་རྒྱུས་དང་ཤེས་བྱ།

སློབ་སྦྱོང་གི་ལོ་རྒྱུས་ནི་མི་ཞིག་ལ་ཆ་མཚོན་ན་སློབ་གྲྭའི་སློབ་གསོ་ཐོབ་ཚད་གཏིང་ཟབ་མིན་གྱི་གནས་ཚད་མཚོན་ཙམ་ཞིག་ཡིན་པ་དང་། དེས་མི་གཅིག་ལ་ཤེས་བྱ་མང་ཉུང་གི་ཚད་ཇི་ཙམ་ཡོད་མེད་ཀྱི་ཕྱོགས་ཙམ་མཚོན་པ་ལས་ཤེས་བྱ་ཧྲིལ་པོ་མཚོན་ཐུབ་པ་མ་ཡིན།

ཤེས་བྱ་ནི་མི་རྣམས་ཀྱིས་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་ནང་ཐོབ་པའི་ངོས་འཛིན་དང་ཉམས་མྱོང་ཞིག་ཡིན། དེའང་དཔེ་དེབ་བཀླགས་པ་དང་། དགེ་རྒྱུན་སློབ་འཛིན། ལག་ལེན་དངོས་བཅས་ཀྱི་ནང་ནས་ཐོབ་པ་ཞིག་ཡིན། མི་ཞིག་ལ་སློབ་སྦྱོང་གི་ལོ་རྒྱུས་ག་ཚོད་ཡུན་རིང་ལྡན་རུང་དེས་སློབ་གྲྭའི་ནང་སློབ་སྦྱོང་ལ་སྦྱང་བརྩོན་མ་བྱས་པ་དང་། ལག་ལེན་དངོས་ནང་ཉམས་མྱོང་གསོག་འཇོག་མ་བྱས་ན་མི་དེར་ཤེས་རྒྱ་ཆེ་བའི་ཡོན་ཏན་ལྡན་ག་ལ་སྲིད། དེ་ལས་ལྡོག་སྟེ་སློབ་སྦྱོང་གི་ལོ་རྒྱུས་ཡུན་རིང་མེད་ནའང་དཀའ་སྤྱད་འབད་བརྩོན་དང་། ཉམས་མྱོང་གསོག་འཇོག་བྱེད་ཐུབ་མཁན་ཞིག་ཡིན་ཚེ་ཤེས་བྱ་ཁོང་དུ་ཆུད་ཐུབ། དཔེར་ན་སློབ་ཆུང་གི་ཆུ་ཚད་ལས་མེད་པའི་ཨད་ཊི་ཛིན་ (Edison) སྣེ་མང་གསར་གཏོད་མཁན་གྱི་ཚན་རིག་མཁས་ཅན་དུ་འགྱུར་བའི་དཔེ་མཚོན་ལྟ་བུ་ནི་སྔ་བར་ཕྱི་གསུམ་དུ་ཐོན་དང་ཐོན་མུས་དེ་འདྲ་རེད།

ང་ཚོའི་རྣམ་ཀུན་གྱི་འཚོ་བའི་ནང་སློབ་སྦྱོང་གི་ལོ་རྒྱུས་རིང་བ་དང་མིང་དོན་མཚུངས་པའི་ཤེས་ཡོན་ཅན་ཡོད་ལ་སློབ་སྦྱོང་གི་ལོ་རྒྱུས་ཐུང་ངུ་ལས་མེད་ཀྱང་དཀའ་སྤྱད་ལ་བརྟེན་ནས་མཁས་དབང་ཆེན་པོ་ཆགས་པའང་ཡོད། དེ་བཞིན་མིང་ཡོད་ལ་ཤེས་འཇེམ་ཐང་གང་ཡང་མེད་པའི་མི་ཐ་ཤལ་པ་འགའ་ཟིག་ཀྱང་དངོས་སུ་མཐོང་རྒྱུ་ཡོད་པས་སློབ་སྦྱོང་གི་ལོ་རྒྱུས་དེ་གལ་ཆེར་བརྩི་དགོས་རུང་སློབ་ལོ་ཁོ་ན་སྨྲ་བའི་ཕྱོགས་ལྷུང་དེའང་འགོག་དགོས། སློབ་ལོ་ཁས་མ་བླངས་ན་ཤེས་བྱར་མཐོང་ཆུང་བྱེད་པའི་བླུན་རྨོངས་ཀྱི་ཕྱོགས་སུ་འགྱུར་སྲིད་པ་དང་། སློབ་ལོ་ཁོ་ན་སྨྲ་བ་དེས་སློབ་ལོ་མེད་པའི་འཇེམ་ཐང་ཅན་ཁག་ཅིག་བསྣུབས་པ་དང་ཤེས་བྱར་སྣང་ཆུང་བྱེད་སྲིད།

ཤེས་བྱ་དང་འཇེམ་ཐང་།

ཤེས་བྱ་ནི་ངོས་འཛིན་དང་། འཇིག་བརྟེན་བསྒྱུར་བཀོད་བྱེད་པའི་ལག་ཆ་ཞིག་ཡིན་པ་དང་། འཇེམ་ཐང་ནི་ལག་ལེན་དངོས་ནང་ཤེས་བྱ་བེད་སྤྱོད་དེ་ལྟ་ཚུལ་གསར་པ་དར་སྤེལ་བྱེད་ཐུབ་པའི་ནུས་པར་ཟེར་ཞིང་། དེར་བརྟེན་ཤེས་བྱ་ཡོད་པའི་མི་ལ་འཇེམ་ཐང་ཡོད་པའི་ཁྱབ་པ་མེད་རུང་འཇེམ་ཐང་ཡོད་པའི་མི་ལ་ཤེས་བྱ་ངེས་གཏན་ཞིག་ལྡན་མོད། འོན་ཀྱང་འཇེམ་ཐང་ཟེར་བ་ནི་དཔེ་དེབ་ཀྱི་ཤེས་བྱ་ཁོ་ནས་རྒྱུ་གཙོ་བོ་བྱས་ཐུབ་པ་དང་། མཐོང་རྒྱ་ཆེ་བ། གསར་གཏོད་བྱེད་ཕོད་པ་སོགས་ནང་དོན་མང་པོ་ལྡན་ཡོད། སློབ་ལོ་ཡིས་མི་ཞིག་གི་ཕྱོགས་གཅིག་གི་ཤེས་བྱ་མང་ཉུང་མཚོན་ཙམ་ལས་འཇེམ་ཐང་ཆེ་ཆུང་དང་སྒྲིག་འཛུགས་བྱེད་པའི་ནུས་པ་ཆེ་ཆུང་མཚོན་ཐུབ་ཀྱི་མེད།

གལ་ཏེ་མི་ཞིག་ལ་སློབ་ལོ་དང་ཤེས་བྱ་ཡོད་པ་ལས་དེར་ཤེས་བྱ་བེད་སྤྱོད་དང་། འདོན་སྤེལ། གསར་གཏོད་བཅས་བྱེད་པའི་ནུས་པ་མེད་ན་དེ་ནི་ “ཚིག་མཛོད་” དམ་ཡང་ན་ “སྒྲ་འཇུག་སྤྱིན་ཤོག་” ཅིག་དང་འདྲ་བར་དཔེ་དེབ་ལ་བལྟས་ཏེ་ཤེས་བྱ་ཁྱབ་བསྒྲགས་བྱེད་པ་ཙམ་ལས་ལས་ཀའི་ནུས་པ་འདོན་སྤེལ་གྱིས་ཐོན་སྐྱེད་ཀྱི་ནུས་ཤུགས་ལ་ཕན་འབྲས་གང་ཡང་འདོན་མི་ཐུབ།

ཤེས་བྱ་ནི་འཇེམ་ཐང་གི་རྨང་གཞི་ཞིག་ཡིན་པ་དང་། འཇེམ་ཐང་དེ་ཤེས་བྱའི་སྣུར་སྲིང་དང་ལྟ་ཚུལ་གསར་པ་ཞིག་རེད། ང་ཚོས་ཤེས་བྱར་མཐོང་ཆེ་བྱེད་པ་དངང་ཆབས་ཅིག་མི་ཞིག་གི་འཇེམ་ཐང་དང་སྒྲིག་འཛུགས་བྱེད་པའི་ནུས་པར་མཐོང་ཆེ་བྱེད་དགོས། ཤེས་བྱ་དེ་ཉིད་འཇེམ་ཐང་གིས་ཁ་ལོ་སྒྱུར་བའི་ལོག་གཞི་ནས་བེད་སྤྱོད་དང་། དར་སྤེལ་གཏོང་ཐུབ་པ་དང་། ལྟ་ཚུལ་གསར་པའི་ཁྲོད་དུ་སྟོབས་ཤུགས་དང་ནུས་པ་འདོན་སྤེལ་གྱིས་ཕན་འབྲས་ལེགས་སྐྱེས་སུ་འབུལ་ཐུབ་པ་བཅས་ཡོང་གི་རེད།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།