བོད་ཡིག་ལཱེ་ཊིན་ཡི་གེར་ཕབ་འབྲི་བྱེད་ཚུལ་སྐོར་མདོར་ཙམ་གླེང་བ།

Wylie ནི་ལཱེ་ཊིན་ latin ཡང་ན་དབྱིན་ཡིག་གི་abcdསྤྱད་དེ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་འཚོལ་བསྡུ་བྱེད་མཁན་ཚོས་བོད་ཡིག་བཏགས་ཐབས་ཀྱི་རྒྱལ་སྤྱི་ཚད་ལྡན་འགྲོ་སྟངས་ཤིག་ཆགས་ཡོད། སྔོན་ཁ་པར་ནང་བོད་ཡིག་མ་སླེབས་པའི་སྐབས་ང་དང་གྲོགས་པོ་འགའ་ wylie བརྒྱག་དེ་ཕན་ཚུན་འཕྲིན་ཐུང་བསྐུར་རེས་བྱས་མྱོང། wylie ཡི་ཁྱད་ཆོས་ལེགས་ཤོས་ནི་བཏགས་ཐབས་ལས་ལྷ་བ་དང་། དག་ཆ་ལ་ནོར་འཛོལ་མེད་པ་དེ་རེད། གཤམ་ལ་དགའ་རོགས་གཉིས་ཀྱི་ཕན་ཚུན་ལ་བསྐུར་བའི་འཕྲིན་ཐུང་ཞིག་ཡིན་ཁུལ་རེད། ཁྱེད་ཀྱིས་རྟོགས་ཐུབ་བམ། གལ་ཏེ་ཁྱེད་ཀྱི་ wylie ཤེས་ཀྱི་ཡོད་ན་གཤམ་གྱི་གསང་བ་དེ་ཁྱེད་ཀྱི་རྟོགས་ཐུབ་ངེས་རེད།

བསམ་གཏན་གྱིས། (sang nyin glog brnyan gsar pa zhig slebs ‘dug nga dang mnyam du ‘gro khom yod pas.)
སྒྲོལ་མས། (sng dror blta bar ‘gro na ma gtog phyi dror nga gzhas sbyong bsdar yod)

སྤྱི་ལོའི་དུས་རབས་ཉི་ཤུ་པའི་འགོ་ནས་བཟུང་། མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་མི་རིགས་དང་། དེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དབྱིན་ཇི་དང་ཨ་རིས་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་ནང་དོ་སྣང་ཆེན་པོ་བྱུང་སྟེ། བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད། ལྷག་དོན་དུ་ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་གནའ་བོའི་ཤོག་དྲིལ་མང་དག་ཅིག་ནུབ་གླིང་ལ་ཁྱར་རྗེས། དེ་དག་ལ་ཞིབ་འཇུག་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་སོང་། འོན་ཀྱང་། བོད་ཡིག་ནི་བརྡ་སྤྲོད་དང་སྒྲ་འདོན་སྟངས་སོགས་གང་གི་ཆ་ནས་བལྟས་ཀྱང་ནུབ་གླིང་གི་ལཱེ་ཊིན་ཡིག་རིགས་ Latin alphabet ཁག་དང་ཅིས་ནས་ཀྱང་མི་འདྲ་བས་ཁོང་ཚོའི་རྒྱལ་ཁབ་ནང་དུ་བོད་ཡིག་དེ་ལཱེ་ཊིན་ཡི་གེར་ཕབ་འབྲི་བྱེད་ཚུལ་རིགས་མི་འདྲ་བ་མང་པོ་ཞིག་གསར་དུ་ཐོན་ཡོད། དེ་དག་ལས་ཅུང་ཟད་ཆ་ཚང་བ་དང་ཞིབ་ཚགས་པའི་ཕབ་འབྲི་བྱེད་ཚུལ་ཐོག་མ་དེ་ནི་རྒྱ་གར་གྱི་མཁས་པ་སྐུ་ཞབས་ ཅཱན་དྷ་ར་ དྷ་སི་ Rai Sarat Chandra Das ཡིས་གསར་དུ་གཏོད་པ་ཡིན། དེ་རྗེས་སྤྱི་ལོ་ 1959 ལོར་ཨ་རིའི་ཝ་ཤིང་ཀྲོན་སློབ་གྲྭ་ཆེན་མོའི་ the university of washington སློབ་དཔོན་ཟུར་པ་སྐུ་ཞབས་ ཁྲུའུ་རེལ་ ཝེ་ལེས་ Turell Wylie སྔོན་མའི་ཕབ་འབྲི་བྱེད་ཚུལ་ཁག་གི་ལེགས་ཆ་མཁོ་བསྡུས་དང་། རང་ཉིད་ཀྱི་ཞིབ་འཇུག་ཟུར་དུ་སྦྲེལ་ཏེ་ཝེ་ལེའི་ཕབ་འབྲི་ Wylie Transliteration བྱེད་ཚུལ་ཞེས་པ་ཞིག་གཏན་འབེབས་གནང་། ཝེ་ལེའི་ཕབ་འབྲི་བྱེད་ཚུལ་དེ་ཁ་གསལ་ཞིང་གོ་བདེ་ལ། ཧ་ཅང་སྟགས་བདེ་ཡོད་པས་དུས་ཕྱིས་བོད་རིག་པའི་ཁྱབ་ཁོངས་དང་ཁྱད་པར་ཨ་རིའི་རྒྱལ་ཁབ་ནང་ཕབ་འབྲི་བྱེད་ཚུལ་དེ་ཤིན་ཏུ་གྲགས་ཆེ། ཞིབ་འཇུག་ཁྱབ་ཁོངས་ནང་བོད་ཡིག་ལཱེ་ཊིན་ཡི་གེར་ཕབ་འབྲི་བྱེད་པའི་གཅིག་གྱུར་གྱི་ཚད་གཞི་ཞིག་ཡོད་པ་དེའང་ཝེ་ལེའི་ཕབ་འབྲི་བྱ་ཚུལ་ལ་གོའོ།

རྒྱལ་ནང་དུ་གཙོ་བོ་གཙོ་བོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཟུར་པ་སྐུ་ཞབས་ཡུས་ཏའོ་ཆོན་ 于道泉 གྱིས་གཏན་འབེབས་མཛད་པའི་ཕབ་འབྲི་བྱེད་ཚུལ་ཞིག་དང་། ཀྲུང་གོ་ཚན་རིག་གླིང་མི་རིགས་ཞིབ་སོའོ་ 中国科学院民族研究所 ཡི་ཕབ་འབྲི་བྱེད་ཚུལ་སོགས་མང་དུ་མཆིས་པས་ཞིབ་པར་མི་སྤྲོ། གོང་བཀོད་ཕབ་འབྲི་བྱེད་ཚུལ་དང་ཡུས་ཏའོ་ཆོན་གྱི་ཕབ་འབྲི་བྱེད་ཚུལ་གཉིས་ཡིན། དེ་གཉིས་དབར་དུ་ཁྱད་པར་ཆེན་པོ་མེད་དེ། གཙོ་བོའི་ཁྱད་པར་ནི་བོད་ཡིག་གི་འ་ཡིག་དེ་ཝེ་ལེས་ལཱེ་ཊིན་ཡི་གེ་ ‘a ཏུ་ཕབ་ཡོད་ཅིང་། ཡུས་ཏའོ་ཆོན་གྱིས་ va ལ་ཕབ་ཡོད་། ཁོ་བོའི་རྩོམ་ཐུང་ནང་དུ་འཁོད་པའི་དཔེར་བརྗོད་ཁག་དང་ཞར་བྱུང་གི་ནང་དོན་ཁག་ཚང་མའི་ནང་འ་ཡིག་ va གྱིས་མཚོན་པར་བྱས་ཡོད། བོད་ཡིག་ལཱེ་ཊིན་ཡི་གེར་ཕབ་འབྲི་བྱེད་ཚུལ་ལ་སྒྲ་ཡངས་འཇུག་དང་རོག་འཇུག་གཉིས་ཀྱི་གོ་དོན་ཡོད་དེ། སྒྲ་ཡངས་འཇུག་ངོས་ནས་བཤད་ན་ཡིག་འབྲུ་ཕབ་འབྲི་བྱེད་ཚུལ་དང་། ཡི་གེའི་སྒྲ་ཕབ་འབྲི་བྱེད་ཚུལ་ཁག་གཉིས་ལ་གོ་དགོས་ཤིང་། སྒྲ་དོག་འཇུག་ངོས་ནས་བཤད་ན་ཡིག་འབྲུ་ཕབ་བྱེད་ཚུལ་ཁོར་ནང་གོ་དགོས་སོ།

དང་པོ། བོད་ཡིག་ལཱེ་ཊིན་ཏུ་ཕབ་འབྲི་བྱེད་ཚུལ་བཤད་པ།

བོད་ཡིག་ལཱེ་ཊིན་དུ་ཕབ་འབྲི་བྱེད་ཚུལ་ལ་ཡིག་འབྲུ་ཕབས་འབྲི་བྱེད་ཚུལ་ཡང་ཟེར་ཏེ། དེ་ནི་བོད་ཡིག་གི་ཡིག་འབྲུ་དག་སུག་བྲིས་ཀྱི་གོ་རིམ་བཞིན་རིམ་པས་ཕབ་བྲིས་བྱས་པ་ཞིག་ཡིན། དཔེར་ན། བསྒྲིགས་ལྟ་བུ་ཕབ་འབྲི་བྱེད་སྐབས། སྔོན་འཇུག་བ་དང་། མགོ་ཅན་ས། མིང་གཞི་ག །འདོགས་ཅན་ར་བཏགས། དབྱངས་ཡིག་གི་གུ། རྗེས་འཇུག་ག །ཡང་འཇུག་ས་བཅས་རིམ་པས་ཕབ་ན་འཐུས།

བ➜b ས➜s ག➜g ར➜r ི➜i ག➜g ས➜s = བསྒྲིགས་➜bsgrigs ལྟ་བུའོ། །

ཕབ་འབྲི་བྱེད་སྟངས་འདིའི་ཁྱད་ཆོས་གཙོ་བོ་ནི་གང་ཕབ་པའི་ཡི་གེ་དེ་སྔོན་རྗེས་ཡང་འཇུག་དང་བཅས་པ་དག་ཆ་མ་ནོར་བར་ཆ་ཚང་ལཱེ་ཊིན་དུ་ཕབ་ཐུབ་པ་དེ་ཡིན་པས། དེ་ཞིབ་འཇུག་གི་ཁྱབ་ཁོངས་ནང་དུ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། འོན་ཀྱང་བོད་ཡིག་གི་ཆུ་ཚད་དེ་ཙམ་མཐོ་པོ་མེད་ཚེ་དེ་བཀོལ་སྤྱོད་དང་སྦྱོར་ཀློག་བྱ་རྒྱུ་ཅུང་ཟད་དཀའ་ཙམ་ཡོད། ང་ཚོས་བོད་རིགས་ཚོས་རྒྱུན་དུ་ལག་ཐོག་ཁ པར་དང་གློག་ཡིག་ Email ནང་དུ་ཡིག་འཕྲིན་བསྐུར་སྐབས་རྒྱ་ཡིག་འབྲི་བའི་ཚབ་ཏུ་ལཱེ་ཊིང་གི་ཕབ་འབྲི་བྱེད་སྟངས་ཇི་བཞིན་བོད་ཡིག་བྲིས་ཚེ་ཅིས་ནས་ནང་མི་བཟང་ངམ། དེ་ལྟར་བོད་ཡིག་གི་གསལ་བྱེད་སུམ་ཅུ་དང་། དབྱངས་ཡིག་བཞི་པོ། མགོ་ཅན་དང་འདོགས་ཅན་སོགས་ལཱེ་ཊིན་ཡི་གེ་གང་དུ་ཕབ་འབྲི་བྱེད་དགོས་སམ་ཞེ་ན། གཤམ་གསལ་རེའུ་མིག་ལས་གསལ་བ་ལྟར་ལགས།

རེའུ་མིག་དང་པོ། གསལ་བྱེད་སུམ་ཅུ།

ཀ kaཁ khaག gaང ngaཅ caཆ chaཇ jaཉ nya
ཏ taཐ thaད daན naཔ paཕ phaབ baམ ma
ཙ tsaཚ tshaཛ dzaཝ waཞ zhaཟ zaའ ‘aཡ ya
ར raལ laཤ shaས saཧ haཨ a

རེའུ་མིག་གཉིས་པ། དབྱངས་བཞི་པོ།

ཨི iཨུ uཨེ eཨོ o

རེའུ་མིག་གསུམ་པ། མགོ་ཅན་དང་འདོགས་ཅན་སོགས།

མགོ་ཅན་ཡི་གེའདོགས་ཅན་ཡི་གེ
ར་མགོལ་མགོས་མགོར་བཏགས་ལ་བཏགས་ཡ་བཏགས་ཝ་ཟུར་
rlsrlyw

འོ་ན། ཕབ་འབྲི་བྱེད་སྟངས་ཇི་ལྟར་ཡིན་ནམ་ཞེ་ན། གཤམ་གསལ་གྱི་ངེས་སྲོལ་དག་ངེས་པར་དུ་ཤེས་དགོས།

ངེས་སྲོལ་དང་པོ། ཕབ་བྱའི་ཡི་གེ་དེ་སྦྱོར་ཀློག་གི་གོ་རིམ་དང་སུག་བྲིས་ཀྱི་གོ་རིམ་ལྟར་སྔ་ཕྱི་མ་ལྡོག་པར་རེ་རེ་བཞིན་ཕབ་འབྲི་བྱ་དགོས། གལ་སྲིད་གོ་རིམ་འཛོལ་ན་ཕབ་འབྲི་མི་ཐུབ་བོ། །དཔེར་ན།
གངས་ལྗོངས་
གga➜ ངng➜ སs = གངས gangs
ལl➜ ཇj➜ ོo➜ ངng➜ སs➜ ལྗོངས་ljongs ལྟ་བུའོ། །

ངེས་སྲོལ་གཉིས་པ། དབྱངས་ཡིག་ཞུགས་མེད་པའི་མིང་གཞིའི་རྗེས་སུ་ངེས་པར་དུ་ a འབྲི་དགོས་པ་དང་། དེ་ནས་རྗེས་འཇུག་དང་ཡང་འཇུག་སོགས་རིམ་པས་འབྲི་དགོས། གལ་སྲིད་མིང་གཞིར་དབྱངས་ཡིག་བཞི་པོ་ལས་གང་རུང་ཞུགས་ཡོད་ཚེ། མིང་གཞི་རྗེས་སུ་ a འབྲི་མི་དགོས་པར་དབྱངས་ཡིག་གིས་དེའི་ཚབ་བྱས་ན་འཐུས། དཔེར་ན།

དབྱངས་ཞུགས་མེད་པའི་མིང་གཞིའི་ཡི་གེདབྱངས་ཞུགས་པའི་མིང་གཞིའི་ཡི་གེ
ཀང [ཀka+ངng] = ཀང kangཀིང [ཀk+ིi+ངng] = ཀིང king
སགས [སsa+གga+ སs] = སགས sagsསུགས [སs+ུu+གg+སs] = སུགས sugs
ཛར [ཛdza+རr] = ཛར dzarཛེར [ཛdz+ེe+རr] = ཛེར dzer
བྱན [བb+ྱya+ནn] = བྱན byanབྱོན [བb+ྱy+ོo+ནn] = བྱོན byon

ངེས་སྲོལ་གསུམ་པ། མགོ་ཅན་ཞུགས་པའི་ཡི་གེ་ཕབ་འབྲི་བྱེད་སྐབས། མགོ་ཅན་མཚོན་པའི་ལཱེ་ཊིན་གི་ཡིག་འབྲུ་དེ་ཐད་ཀར་མིང་གཞིའི་མདུན་དུ་འབྲི་དགོས། འདོགས་ཅན་ཞུགས་པའི་ཡི་གེ་ཕབ་འབྲི་བྱེད་སྐབས། འདོགས་ཅན་མཚོན་པའི་ལཱེ་ཊིན་གི་ཡིག་འབྲུ་དེ་ཐད་ཀར་མིང་གཞིའི་རྗེས་སུ་འབྲི་དགོས་ཤིང་། ཡང་། འདོགས་ཅན་ཞུགས་པ་གང་ཞིག་ལ་དབྱངས་ཞུགས་མེད་པའི་ཡི་གེ་དཔེར་ན། ཀྲ་ལྟ་བུ་ཕབ་འབྲི་བྱེད་སྐབས། མིང་གཞིའི་རྗེས་སུ་ a ཡིག་སྣོན་དགོས། དབྱངས་ཡིག་ཞུགས་པའི་མིང་གཞི་ཡིན་ཚེ་གོང་མཚུགས་ལྟར་དབྱངས་ཡིག་མཚོན་པའི་ལཱེ་ཊིན་གི་ཡིག་འབྲུ་དེ་འདོགས་ཅན་གྱི་རྗེས་སུ་འབྲི་དགོས། དེ་ལྟར་མ་ཡིན་ན་ཕབ་འབྲི་བྱས་པའི་ཡི་གེ་དེ་གཞན་དང་ནོར་ཉེན་ཆེའོ། །དཔེར་ན།

མགོ་ཅན་ཡི་གེནོར་ཉེན་ཆེ་བའི་ཡི་གེ
རྒས [རr+གga+སs] = རྒས rgasརགས [རra+གg+སs] = རགས rags
ལྔ [ལl+ངng] = ལྔ lngaལང [ལla+ངng] = ལང lang
སྣ [སs+ནna] = སྣ snaསན [སsa+ནn] = སན san
འདོགས་ཅན་ཡི་གེནོར་ཉེན་ཆེ་བའི་ཡི་གེ
ཀྲ [ཀk+རra] = ཀྲ kraཀར [ཀka+རr] = ཀར kar
གློག [གg+ལl+ོo+གg] = གློག glog
བྱང [བb+ྱya+ངng] = བྱང byang

ངེས་སྲོལ་བཞི་པ། སྔོན་འཇུག་ག་ g དང་མིང་གཞི་ཡ་ ya མཉམ་དུ་ཡོད་པའི་ཡི་གེ་སྟེ། དཔེར་ན། གཡང་ལྟ་བུ་ཕབ་འབྲི་བྱེད་སྐབས། སྔོན་འཇུག་དང་མིང་གཞིའི་བར་དུ་ཚེག་གཅིག་སྣོན་དགོས། དེ་ལྟར་མ་ཡིན་ན་གྱང་ལྟ་བུའི་ཡི་གེ་གཞན་དང་ནོར་ཉེན་ཆེའོ། ། དཔེར་ན།

ཚེག་སྣོན་དགོས་པའི་ཡི་གེནོར་ཉེན་ཆེ་བའི་ཡི་གེ
གཡང [གg+ཡya+ངng]=གཡང g.yangགྱང [གg+ྱya+ངng] = གྱང gyang
གཡུང [གg+ཡy+ུu+ངng]=གཡུང g.yungགྱང [གg+ྱy+ུu+ངng] = གྱང gyung

ངེས་སྲོལ་ལྔ་པ། ཡིག་འབྲུའི་དབར་གི་ཚེག་དང་ཤད་སོགས་ཕབ་འབྲི་བྱེད་སྐབས་ཚེག་དེ་བར་སྟོང་空格/space གིས་མཚོན་པ་དང་། ཆིག་ཤད་ཚེག་ཆུང་ . གཅིག་གིས་མཚོན་པ། གཉིས་ཤད་ཚེག་ཆུང་གཉིས་ .. ཀྱིས་མཚོན་པ་སོགས་དེ་ལྟར་རིགས་བསྒྲེ་ན་འཐུས། གོང་དུ་འཁོད་པ་ནི་བོད་ཡིག་ལཱེ་ཊིན་ཡི་གེར་ཕབ་འབྲི་བྱེད་པའི་རྩ་བའི་ངེས་སྲོལ་དག་ཡིན། དེ་དག་ཕུལ་གཞན་ཡང་མཐུག་པོའི་ཡི་གེ་ལྔ་དང་། ལེགས་སྦྱར་གྱི་ཡི་གེ། རྣམ་བཅད་སོགས་སྣ་ཚོགས་ཕབ་འབྲི་ཇི་ལྟར་བྱ་དགོས་པའི་ངེས་སྲོལ་རིམ་པས་མཆིས་ཀྱང་། འདིར་སྐབས་བབ་ཏུ་བརྗོད་པར་མི་སྤྲོ། དེའི་སྐོར་ཞིབ་ཆ་མཁྱེན་འདོད་ན་ཁོ་བོའི་རྩོམ་ཐུང་གི་འོག་ཏུ་འཁོད་པའི་དཔྱད་གཞིའི་ཡིག་ཆ་ཁག་ལ་གཟིགས་ན་འགྲིག

དཔེར་བརྗོད་ཁ་ཤས།

སྦྲང་རྩིའི་རོ་ལ་སྲེད་པའི་རྐང་དྲུག་བཞིན། །
sbrang rtsivi ro la sred pavi rkang drug bzhin. .
ལེགས་བཤད་འཚོལ་རྣམས་མཁས་པའི་མདུན་སར་རྒྱུ། །
legs bshad vtshol rnams mkhas pavi mdun sar rgyu. .
ལེགས་བཤད་དོན་དུ་གཉེར་བ་དེ་རྣམས་བཞིན། །
legs bshad don du gnyer ba de rnams bzhin. .
སྦྲང་བུ་རྣམས་ནི་པད་མའི་ཚལ་དུ་འགྲོ། །
sbrang bu rnams ni pad mavi tshal du vgro. .

བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབས་འོད་ཟེར་གྱིས།།
btse ldan khyed kyi mkhyen rabs ‘od zer gyis..
དག་བློའི་གཏི་མུག་མུན་པ་རབ་གསལ་ནས།།
dag blo’i gti mug mun pa rab gsal nas..
བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།།
bka’ dang bstan bcos gzhung lugs rtogs pa yi..
བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ།།
blo gros spobs pa’i snang ba btsal du gsol..

གཉིས་པ་བོད་ཡིག་དབྱིན་ཡིག་ཏུ་ཕབ་འབྲི་བྱེད་ཚུལ་བཤད་པ།

བོད་ཡིག་དབྱིན་ཡིག་ཏུ་ཕབ་འབྲི་བྱེད་ཚུལ་ལ་ཡི་གེའི་སྒྲ་ཕབ་འབྲི་བྱེད་ཚུལ་ཡང་ཟེར་ཏེ། དེ་ནི་བོད་ཡིག་གི་ཡིག་འབྲུ་དག་སྒྲའི་འདོན་ཚུལ་ཇི་བཞིན་རིམ་པས་ཕབ་འབྲི་བྱས་པ་ཞིག་ཡིན། ཕབ་འབྲི་བྱེད་ཚུལ་འདི་བོད་ཡིག་ལཱེ་ཊིན་དུ་ཕབ་འབྲི་བྱེད་ཚུལ་དང་མི་འདྲ་བར། ཕབ་བྱའི་ཡི་གེ་འདི་སྔོན་རྗེས་ཡང་འཇུག་སོགས་ཚང་མ་ཕབ་དགོས་པའི་ངེས་པ་མེད་དེ། ཕབ་བྱའི་ཡི་གེའི་སྒྲ་གཙོ་བོར་བཟུང་ནས་ཕབ་དགོས། དཔེར་ན། བསྟན་པ་ཞེས་དེ་ལཱེ་ཊིན་་ཡི་གེར་ bstan pa ཞེས་ཕབ་ཀྱང་། དབྱིན་ཡིག་ཏུ་ Tenpa ཞེས་ཕབ་པ་ཡིན།

བོད་ཡིག་དབྱིན་ཡིག་ཏུ་ཕབ་འབྲི་བྱེད་ཚུལ་ཤེས་དགོས་ན། དེའི་གཤམ་གསལ་གྱི་ཁྱད་ཆོས་དག་ངེས་པར་དུ་རྟོགས་དགོས།

དང་པོ། བོད་ཡིག་དབྱིན་ཡིག་ཏུ་ཕབ་འབྲི་བྱེད་ཚུལ་རྒྱ་གར་དབྱིན་སྐད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་དེ། དེའང་རྒྱ་གར་དབྱིན་སྐད་ནང་དུ་དབྱིན་ཡིག་ d /di:/ དང་ t /ti:/ གཉིས་ལ་ /dri:/ དང་ /tri:/ ཞེས་ཀློག་བཞིན་ཡོད་པས། བོད་ཡིག་ ཀྲ སྐྲ སྒྲ ཏྲ པྲ སྤྲ སྦྲ ལ་སོགས་པ་ཕབ་འབྲི་བྱེད་སྐབས་ dra ཞེས་ཕབ་དགོས་ཀྱང་། རྒྱུན་དུ་ da ཞེས་པར་ཕབ་ཡོད་པ་དང་། ཡང་བོད་ཡིག་ ཁྲ གྲ དྲ ཐྲ ཕྲ བྲ ལ་སོགས་ཕབ་འབྲི་བྱེད་སྐབས་ tra ཞེས་ཕབ་འབྲི་བྱེད་དགོས་ཀྱང་། རྒྱུན་དུ་ ta ཞེས་པར་ཕབ་ཡོད། དཔེར་ན།
སྒྲོལ་མ་ཞེས་པ་ drolma ཞེས་ཕབ་དགོས་ཀྱང་། རྒྱུན་དུ་ dolma ཞེས་ཕབ་ཡོད།
འཕྲིན་ལས་ཞེས་པ་ trinley ཞེས་ཕབ་དགོས་ཀྱང་། རྒྱུན་དུ་ tinley ཞེས་ཕབ་ཡོད།

འོན་ཀྱང་། ལམ་སྲོལ་དེ་ཕྱིས་ཡོངས་གྲགས་སུ་གྱུར་སྟབས། དེང་སྐབས་ཚང་མས་དེ་ལྟར་སྤྱོད་བཞིན་མཆིས་པས། ཁོ་བོའི་བསམ་པར་ང་ཚོས་ཀྱང་དེ་ལྟར་ལག་ལེན་བསྟར་ན་ཕབ་འབྲི་བྱེད་ཚུལ་གཅིག་གྱུར་ཡོང་བའི་དགེ་མཚན་ཆེ་སྙམ།

གཉིས་པ། བོད་ཡིག་དབྱིན་ཡིག་ཏུ་ཕབ་འབྲི་བྱེད་སྐབས་ཕལ་མོ་ཆེ་ཁ་སྐད་གཙོར་བཟུང་ནས་ཕབ་འབྲི་བྱེད་པ་ལས། ཡིག་སྐད་གཙོར་འཛིན་གྱི་མེད་དེ། དཔེར་ན།
དགྲ་འདུལ་ཞེས་པ་དེ་ཡིག་སྐད་ལྟར་ཀློག་ན་ dadul ཞེས་ཕབ་དགོས་ཀྱང་། རྒྱུན་དུ་ཁ་སྐད་གཞིར་བཟུང་སྟེ་ damdul ཞེས་ཕབ་ཡོད།
ངག་དབང་ཞེས་པ་དེ་ཡིག་སྐད་ལྟར་ཀློག་ན་ ngagwang ཞེས་ཕབ་དགོས་ཀྱང་། རྒྱུད་དུ་ཁ་སྐད་གཞིར་བཟུང་སྟེ་ ngawang ཞེས་ཕབ་ཡོད།
རྟ་མགྲིན་ཞེས་པ་དེ་ཡིག་སྐད་ལྟར་ཀློག་ tadrin ཞེས་ཕབ་དགོས་ཀྱང་། རྒྱུན་དུ་ tamdin ཞེས་ཕབ་ཡོད།

འོན་ཀྱང་། བོད་ཡིག་འགའ་ཤས་དབྱིན་ཡིག་ཏུ་ཕབ་སྐབས་དེ་ལྟར་ངེས་པར་དུ་ཁ་སྐད་གཞིར་བཟུང་ནས་ཕབ་འབྲི་བྱེད་དགོས་དོན་མེད་དེ། དཔེར་ན།
དཔལ་འབྱོར་ཞེས་པ་དེ་ཁ་སྐད་ལྟར་ཀློག་ན་ panjor ཞེས་ཕབ་དགོས་ཀྱང་། རྒྱུན་དུ་ཡིག་སྐད་ཇི་བཞིན་ paljor ཞེས་ཕབ་པ་ལྟ་བུའོ།

གསུམ་པ། བོད་ཡིག་དབྱིན་ཡིག་ཏུ་ཕབ་འབྲི་བྱེད་ཚུལ་དེ་སྒྲ་གདངས་ལྷ་སའི་སྐད་ཚད་གཞིར་བཟུང་ཡོད་པ་ལས། ཁམས་སྐད་དང་ཨ་མདོའི་སྐད། རྒྱ་རོང་སྐད་སོགས་ཧ་ལམ་ཚད་གཞིར་གཟུང་མེད་དེ། དཔེར་ན།
ཚེ་རིང་ཞེས་པ་ཨ་མདོའི་སྐད་ཇི་བཞིན་ཕབ་འབྲི་བྱས་ན་ tserang ཞེས་ཕབ་དགོས་ཀྱང་། རྒྱུན་དུ་ལྷ་སའི་སྐད་ཇི་བཞིན་ tsering ཞེས་ཕབ་ཡོད་པ་ལྟ་བུའོ།

ཕབ་འབྲི་བྱེད་ཚུལ་དེ་དུས་རྒྱུན་མིའི་མིང་དང་། ས་མིང་སོགས་དབྱིན་ཡིག་ཏུ་བསྒྱུར་སྐབས་ཡོངས་ཁྱབ་ཏུ་བཀོལ་བའི་ཕབ་འབྲི་བྱེད་ཚུལ་ཞིག་ཡིན། བོད་དང་འབྲེལ་བའི་ཕྱི་རྒྱལ་གྱི་ཚགས་པར་དང་དྲ་ངོས། ཡིག་ཆ་སོགས་ཀྱི་ནང་དུ་བོད་ཀྱི་ས་མིང་དང་མིའི་མིང་ཐོན་ཡོད་དངག་ལཱེ་ཊིན་ཡི་གེར་ཕབ་འབྲི་བྱས་པ་ཉུང་ཞིང་། དབྱིན་ཡིག་ཏུ་ཕབ་འབྲི་བྱས་པ་ཤས་ཆེའོ། །དཔེར་ན།
གཞིས་ཀ་རྩེ་ཞེས་པ་ Shigatse ཞེས་བྱིན་ཡིག་ཏུ་ཕབ་པ་མང་བ་ལས་ gzhis ka rtse ཞེས་ལཱེ་ཊིན་ཡི་གེར་ཕབ་པ་ཉུང་ངོ། །
ཨ་མདོ་ཞེས་པ་ Amdo ཞེས་པ་དབྱིན་ཡིག་ཏུ་ཕབ་པ་མང་བ་ལས་ a mdo ཞེས་ལཱེ་ཊིན་དུ་ཕབ་པ་ཉུང་བ་ལྟ་བུའོ།

དེར་བརྟེན་ང་ཚོས་ཀྱང་རང་ཉིད་ཀྱི་མང་དག་དབྱིན་ཡིག་ཏུ་འབྲི་སྐབས་རྒྱ་ཡིག་སྒྲ་སྦྱོར་ཡི་གེ་拼音ཇི་བཞིན་འབྲི་མི་དགོས་པར། དབྱིན་ཡིག་ཏུ་ཕབ་འབྲི་བྱེད་ཚུལ་ལྟར་བྲིས་ན་འཛམ་གླིང་གི་འགྲོས་དང་མཐུན་ཐུབ་བོ།

ཤར་གཞོན་ཚེ་རིང་ཟླ་བ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་ 2006ཞིབ་འཇུག་སློབ་མ།

དཔྱད་གཞིའི་ཡིག་ཆ།

  1. Wylie transliteration. From: http://en.wikipedia.org/ Wylie_transliteration
  2. A standard system of Tibetan Transcription (Turell wylie, Harvard Journal of Asiatic
  3. Studies,22<1959>261-7)
  4. 统一藏文的拉丁转写 促进藏文的信息化建设. 《藏文软件开发专项专刊》
  5. 王贵.藏族人名研究.民族出版社.1991 年版
  6. 陈丽娜等.藏文拉丁转写的研究与实现.《计算机工程与设计》2006 年第1 期
  7. 牛飞等.藏文拉丁转写的概貌.《青海师范大学学报》(自然科学版)2006 年第3 期
  8. 江荻.藏文的拉丁字母转写方法–兼论藏文语料的计算机转写处理.《民族语文》2006 年第1 期

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

2 Responses

    1. In my website with this link http://sonamdawa.com/wylie you can actually can used wylie to type Tibetan Script very easily. There is no need any program or don’t need any installing. Manual of how to type wylie is also availabe on that same page.

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།