ཕྱི་ལོ་ 1985 ལོར་ཕྲ་མཉེན་ཚང་ (Microsoft) གིས་ Window1.0 ཟེར་བའི་རྩིས་འཁོར་མ་ལག་ཐོན་རིམ་དང་པོ་དེ་བཟོས། དེའི་རྗེས་ཀྱི་ལོ་གྲངས་ཉི་ཤུ་རྩ་ལྔའི་ནང་སྐར་ཁུང་གི་རྒྱུད་ཁུང་མ་ལག་ཐོན་རིམ་གནད་ཀ་ཅན་བཅུ་དྲུག་བྱུང་ཡོད། ལོ་ངོ་དེ་དག་ནང་ཕྲ་མཉེན་ཚང་གིས་ངལ་བ་ཁྱད་གསད་ཀྱིས་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བ་དེ་དག་ལ་ཕྱི་ལྟས་ཤིག་བྱེད།

གདོད་མའི་སྐར་ཁུང་མ་ལག་དེ་བཟོ་བསྐྲུན་བྱེད་པའི་སྐབས་ཀུ་ཤུ་ཚང་གི་ Mac Os དང་འདྲ་པོ་ཡོད། དེར་བརྟེན་ཀུ་ཤུ་ཚང་གི་ཁྲིམས་ཐོག་ཉེས་འཛུགས་མི་ཡོང་བའི་སླད་སྐར་ཁུང་གི་ཅོག་ངོས་(Desktop) གཤམ་དེར་ taskbar ཟེར་བ་ཡོད་པ་ལས་ཅོག་ངོས་སྟེང་སྙིག་སྣོད་ དེ་མཐོང་རྒྱུ་མེད།

སྐར་ཁུང་གཉིས་པ་དེ་ Mac OS དང་ཧ་ཅང་འདྲ་པོ་ཡོད་པའི་ཐོག་ཅོག་ངོས་ཀྱི་དཔར་རིས་ལེགས་བཅོས་བྱས་ཡོད། སྐར་ཁུང་མ་ལག་དེའི་སྟེང་མྱོང་འདྲིས་ཡོད་པའི་མཉེན་ཆས་འགའ་ཡོད། དཔེར་ན། Paint དང་ Terminal, ཆུ་ཚོད།, ཡིག་ཆ་བསྔོག་བྱེད་ MS-DOS Executive ཟེར་བ་དེ་དག་ཡོད། སྐར་ཁུང་ལ་ལག་དེ་ཐོན་པའི་རྗེས་ཕྲ་མཉེན་ཚང་གིས་ Word དང་ Excel གི་མཉེན་ཐོག་མ་དེ་བྱུང་བ་རེད།

སྐར་ཁུང་ཐོན་རིམ་གསུམ་པའི་ནང་ཁྱད་ཆོས་གསར་པ་མང་པོ་གནོན་ཡོད། དཔེར་ན། མཉེན་ཆས་བཏང་འཛིན་སྟེགས་བུ་ (Program Manager) དང་ ཏག་སེའི་རྩེད་མོ་ Solitaire, འཆར་ཆས་ VGA, སྣང་འཆར་དྲན་ཤེས་ Virtual Memory, 3D གི་སྒེའུ་ཁུང་ཡོད། སྐར་ཁུང་མ་ལག་དེའི་སྟེང་ཕྱི་ཕྱོགས་ཀྱི་མཉེན་ཆས་ (Third-Party-Software) གཞན་སྒྲིག་འཇུག་བྱེད་རྒྱུ་ཡོད་པར་བརྟེན་སྐར་ཁུང་ཐོན་རིམ་འདི་བེད་སྤྱོད་བྱེད་མཁན་རྒྱ་ཁྱབ་འགྲོ་ཐུབ་པ་བྱུང་ཡོད།

སྐར་ཁུང་ཐོན་རིམ་ 3.1 ནང་སྔར་ལས་ཀྱང་ཡར་རྒྱས་བཏང་ཡོད་ཁར་ TrueType ཡིག་གཟུགས་ཅི་རིགས་ལ་རྒྱབ་སྐྱོར་ཐོབ་པ་དང་། སྐར་ཁུང་དེ་དཔེ་དེབ་དཔར་སྐྲུན་བྱེད་པའི་མ་ལག་ཏུ་འགྱུར་ཐུབ་པ་བྱུང་ཡོད། སྐར་ཁུང་གི་ཐོན་རིམ་འདིའི་ནང་ཡིག་ཆ་ཞིག་ཡར་བསྐྱགས་ཏེ་ཡིག་ཁུག་གཞན་ཞིག་ཐོག་གཡུག་རྒྱུའི་ drag-and-drop ཟེར་བའི་ཁྱད་ཆོས་ཐོག་མ་བྱུང་ཡོད་ལ་སྒྲ་དང་བརྙན་རིས་ལ་བལྟ་ཉན་ཐུབ་པ་བྱུང་ཡོད། མི་ཚོས་དགའ་མོས་བྱེད་སའི་གློག་ཀླད་ཀྱི་རྩེད་མོ་ Minesweeper དེ་ཡང་དེ་དུས་བྱུང་བ་རེད།

ཐོན་རིམ་འདིའི་ཐོག་གཙོ་བོ་ས་ཁུལ་སོ་སོའི་ནང་ཡོད་པའི་གློག་ཀླད་གློག་དང་ཀླད་དབར་འབྲེལ་མཐུད་བྱེད་ཐུབ་པའི་དྲ་རྒྱའམ་དབྱིན་ཡིག་ཐོག LAN Network མཐུན་རྐྱེན་བཟོ་ཐུབ་པ་བྱུང་ཡོད། ཚོང་ལས་སྡེ་ཚན་ནམ་ཀམ་པ་ཎི་(Company) མང་པོའི་བསྔགས་བརྗོད་ཐོབ་ཡོད།

སྐར་ཁུང་ཨན་ཊི་ནི་རྒྱུད་ཁུང་མ་ལག་ OS/2 ཟེར་བ་ལས་གསར་སྒྲིག་བྱས་པ་ཞིག་ཡིན། ཕྱིའི་རྣམ་པ་དེ་སྐར་ཁུང་3.1 དང་འདྲ་པོ་ཡོད་ཀྱང་། MS-DOS བཀའ་བརྡ་ (command)རྒྱུད་ནས་འགྲོ་མི་དགོས། མ་ཟད་རྒྱུད་ཁུང་མ་ལག་གི་སྒྲིག་བཀོད་ནི་གསར་རྐྱང་ཞིག་ཡིན་ཁར་ 32bit ཡིན་པའི་རྩིས་འཁོར་ཆེད་དུ་བཟོ་འགོ་བཙུགས་པ་རེད།

སྐར་ཁུང་རྒྱུད་ཁུང་མ་ལག་གསར་པ་དེ་སླེབས་ཉིན་ནས་ MS-Dos ཤེས་མི་དགོས་པ་དང་ཙི་ཙི་གཡས་རྡེབ་གཡོན་རྡེབ་རེ་བྱས་ནས་གློག་ཀླད་ལ་བཀོད་འདོམ་བྱེད་ཐུབ་པ་དེ་ཆགས་ཡོད། འོན་ཀྱང་དེ་སྔའི་ DOS ལ་གོམས་འདྲིས་སུ་སོང་བ་རྣམས་ཀྱི་ཆེད་དུ་ DOS བཀའ་བརྡ་རྒྱག་ས་ཡང་རང་སྒྲིག་ཡོད། སྐར་ཁུང་དེའི་ཐོག་ Taskbar དང་ Start ཟེར་བ་གཉིས་གསར་གནོན་བྱས་ཁར་སྤྱིའི་ཅོག་ངོས་ཀྱི་རྣམ་པ་དང་མཉེན་ཆས་ལ་ཡར་རྒྱས་ཆེན་པོ་བཏང་ཡོད་པར་བརྟེན། སྐར་ཁུང་ 85 དེ་ཁྲོམ་རྭའི་ཐོག་ཧ་ཅང་རྒྱུགས་པོ་བྱུང་ན་ཕྲ་མཉེན་ཚང་ལ་ཚོང་རའི་འགྲན་བརྩོད་ཁྲོད་རྐང་པ་སྲ་བཙུགས་ཐུབ་པ་བྱུང་བ་རེད།

སྐར་ཁུང་ཨན་ཊི་ 4.0 ནང་སྐར་ཁུང་ 95 ཡི་ཅོག་ངོས་ཀྱི་རྣམ་པ་སྤྲས་པའི་སྟེང་སྐར་ཁུང་ཨན་ཊི་ཀྱི་ལྟེ་བའི་མ་ལག་(kernel)བརྟན་པོ་བཟོས་ཐོག་ལོ་འགའི་རྗེས་ཚོང་ལས་ཆེད་སྤྱོད་ཀྱི་སྐར་ཁུང་མ་ལག་ཅིག་ཏུ་འགྱུར་འགོ་བཙུགས།

ཕྱི་ལོ་ 1990 ཡས་མས་སུ་ལག་ཐོག་རྩིས་འཕྲུལ་ (PocketPC / Handheld Device) ཆུང་ཆུང་དར་འགོ་བཙུགས་པ་དང་། ལག་ཐོག་རྩིས་འཕྲུལ་ཆུང་ཆུང་དེ་དག་གི་ཆེད་དུ་བཟོས་པའི་སྐར་ཁུང་མ་ལག་དང་པོ་དེ་ནི་ Window CE 1.0 དེ་ཆགས་ཡོད། སྐར་ཁུང་མ་ལག་གསར་པ་དེ་ནི་ད་ལྟའང་ལག་ཐོག་རྩིས་འཕྲུལ་འགའི་ནང་བེད་སྤྱོད་བྱེད་ཀྱི་ཡོད།

ཕྲ་མཉེན་ཚང་གི་སྐར་ཁུང་ 98 དེའི་སྟེང་དྲ་མྱུལ་མཉེན་ཆས་ Internet Explorer ཟེར་བ་ཞིག་གསར་སྣོན་བྱས་པ་རེད། དྲ་མྱུལ་མཉེན་ཆས་དེའི་རྒྱུད་དྲ་ཐོག་ཀྱི་ཞབས་ཞུ་ཅི་རིགས་ལ་ལྟ་མྱུལ་དང་། མི་ཕན་ཚུན་བར་གློག་འཕྲིན་གཏོང་རེས། དྲ་ཐོག་གླེང་མོལ་སོགས་གནང་ཐུབ་པའི་མཐུན་རྐྱེན་བསྐྲུན་པ་རེད། དྲ་རྒྱ་དང་དྲ་ཚིགས་ཟེར་བ་དེ་ནས་རྒྱ་ཁྱབ་ཏུ་དར་འགོ་བཙུགས། ཕྱི་ཕྱོགས་ཀྱི་གློག་ཆས་འདྲ་མིན་གློག་ཀླད་དང་མཐུད་སྦྱོར་ཐུབ་པའི་ USB མཐུད་ཁ་ཡང་སྦྱར་ཡོད། སྐར་ཁུང་གི་ལོ་རྒྱུས་ནང་སྐད་གྲགས་བཞག་མཁན་གཅིག་ཡིན།
ལོ་གྲངས་ 25 ནང་སྐར་ཁུང་གི་འཕེལ་རིམ། ས་བཅད་གཉིས་པར་གཟིགས།