སྐར་ཁུང་གི་མཉེན་ཆས་རྣམས་ Linux རྒྱུད་ཁུངས་སུ་སྒྲིག་འཇུག་ཐུབ་པ། Wine1.8

ཕྱི་ལོ་ 2015 ཟླ་ 12 ཚེས་ 19 ཉིན་ Wine ལས་འཆར་ཚོགས་སྡེས་ Linux རྒྱུད་ཁུངས་མ་ལག་ལ་ཆེད་དུ་མཁོ་བའི་མཉེན་ཆས་ wine 1.8 དེ་བརྟན་ཚུགས་བྱུང་བ་དང་འདི་ཉིན་ནས་བཟུང་ཕབ་ལེན་སྒྲིག་འཇུག་ཆོག་པའི་གཏམ་བཟང་དེ་སྤེལ་ཡོད། wine ཟེར་བའི་མཉེན་ཆས་འདི་ནི་ Linux རྒྱུད་ཁུངས་མ་ལག་ཐོག་སྒྲིག་འཇུག་བྱེད་རྒྱུའི་མཉེན་ཆས་ཞིག་ཡིན། མཉེན་ཆས་འདིའི་རོགས་སྐྱོར་འོག་སྐར་ཁུང་མ་ལག་གི་མཉེན་ཆས་ཡོད་དོ་ཅོག་ Linux རྒྱུད་ཁུངས་སུ་དཀའ་ཚེགས་མེད་པར་སྒྲིག་བཅུག་ཐུབ་པ་དང་། སྐར་ཁུངས་ཀྱི་མཉེན་ཆས་དེ་དག་བེད་སྤྱོད་བཏང་ཐུབ་པ་ཆགས་ཀྱི་ཡོད།

Wine HQ གི་དྲ་ཚིགས་ཨ་མར་གཟིགས་ན། https://www.winehq.org/

མཉེན་ཆས་དེ་བརྟན་ཚུགས་ཆགས་རྒྱུར་ Wine ལས་འཆར་སྡེ་ཚན་ནས་ཟླ་ངོ་བཅུ་བདུན་ལྷག་གི་དུས་ཚོད་བཏང་ནས་སྒྲིག་ཡིག་བསྐྱར་ཞིབ་དང་། བཅོས་སྒྲིག་བྱེད་པ་ཞིག་ཡིན། ད་རེས་ཀྱི་གྲུབ་འབྲས་དེ་ནི་གཟི་བརྗིད་དང་སྤོབས་པ་སྐྱེ་འོས་པ་ཞིག་ཡིན། བཅར་འདྲི་བྱས་པའི་སྐབས་སྡེ་ཚན་འདིའི་སྐུ་ཚབ་གཅིག་ནས་ལས་འཆར་གྱི་རྒྱུད་རིམ་ཁོངས་སུ་འཆར་ངོས་ཀྱི་ཡི་གེ་དང་དཔར་རིས་གསལ་པོ་ཆགས་ཐུབ་པའི་ DirectWrite དང་ Direct2D དང་། སྒྲ་སྐད་ཀྱི་མཐུན་རྐྱེན་ Pulse Audio driver གསུམ་པོ་ལེགས་གྲུབ་བྱུང་བ་ཡང་གསལ་སྟོན་བྱེད་ཡོད།

སྤྱིར་ Linux རྒྱུད་ཁུངས་མ་ལག་འདི་ནི་ཆེས་ལེགས་གྲས་ཞིག་ཡིན་པ་དང། རྒྱལ་ཁབ་དང་། གཞུང་། ཚོང་སྡེ། ལས་ཁུངས། ཚོགས་པ་སོགས་ཀྱི་ནང་གནད་འགག་ཅན་གྱི་ཡིག་ཚགས་རྣམས་གསོག་ཉར་དང་ཚོང་ལས་དང་ཚན་རིག་གི་རྩིས་གཞི་རྒྱ་ཆེ་རྣམས་རྩིས་རྒྱག་བྱེད་ཆེད་གཙོ་བོར་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནི་ Linux རྒྱུད་ཁུངས་མ་ལག་དེ་དྲ་དུག་དང་། ཕྱི་ལོག་ནས་གསང་འཛུལ་ཤོར་དཀའ་བའི་རྩིས་འཁོར་ཞིག་སྒྲུབ་ཐུབ་ཀྱི་ཡོད་པའི་རྐྱེན་གྱིས་ཡིན། འཛམ་གླིང་ནང་གློག་ཀླད་མཁས་དབང་རྣམས་རྩིས་འཁོར་མ་ལག་དེ་ལ་བྱང་བ་དང་ལས་གཞི་གནད་ཅན་མང་པོ་ཞིག་གྲུབ་ཐུབ་ཀྱི་ཡོད། དེ་བཞིན་བེད་སྤྱོད་ལོག་པ་གཏོང་མཁན་ཚོས་ Linux རྒྱུད་ཁུངས་མ་ལག་འདིའི་མཐུ་ནུས་སྤྱད་དེ་རྒྱལ་ཁབ་གཞན་དང་ཚོང་ལས་སྡེ་ཚན་གཞན་གྱི་གློག་ཀླད་ཁག་གི་ནང་གསང་འཛུལ་དང་གཏོར་སྐྱོན་གནས་ཚུལ་རྐུ་འཁྱེར་སོགས་བྱེད་ཀྱི་ཡོད། གཏོར་རྒོལ་དམིགས་ས་ནི་སྐར་ཁུང་གི་གློག་ཀླད་དང་། དེ་ནས་ཀུ་ཤུའི་གློག་ཀླད་དེ་དག་ཆགས་ཡོད།

སྐར་ཁུང་དང་ཀུ་ཤུ་མ་ལག་ཐོན་རིམ་འདྲ་མིན་ཡོད་པ་ལྟར། Linux རྒྱུད་ཁུང་མ་ལག་ལ་ཡང་རྣམ་པ་བརྒྱ་ཕྲག་ཁ་ཤས་ཡོད་པ་དང་། ཐོན་རིམ་ཀྱང་རིམ་པ་མང་པོ་ཡོད། Linux རྒྱུད་ཁུང་སྐད་གྲགས་ཆེ་བའི་གྲས་ཁ་ཤས་ནི་ Ubuntu དང་ Mint, Fedora, RedHat, OpenSuse, Arch, Manjaro, སོགས་ཡོད།

རྒྱུད་ཁུངས་མ་ལག་དེ་དེ་ལྟར་ལེགས་པོ་ཡོད་ཀྱང་། མི་མང་ཆེ་བ་སྐར་ཁུང་ལ་གོམས་འདྲིས་ཤོར་ཡོད་པ་དང་། སྐར་ཁུང་ཀྱི་མཉེན་ཆས་མང་པོ་ཞིག་སྤྱད་ཀྱི་ཡོད་པར་བརྟེན་དོ་སྣང་ཡོང་གི་མེད། Linux མ་ལག་ཧ་གོ་མཁན་ཞིག་ལའང་ཆ་མཚོན་ན་ཚོད་ལྟ་བྱེད་པ་ཙམ་ལས་གཏན་དུ་སྤྱོད་འདོད་སླེབས་ཀྱི་མེད། དེའི་རྒྱུ་མཚན་ནི་རྒྱུད་ཁུངས་མ་ལག་དེ་མི་འདྲ་བ་དང་གསར་པ་ཞིག་གི་ཐོག་གོམས་དྲིས་བྱེད་དགོས་ཀྱི་ཡོད་དུས། དུས་ཚོད་བསྐྱར་དུ་བཏང་ནས་གསར་པ་སྦྱོང་འདོད་མེད་པའི་དབང་གི་རེད། འགའ་ཞིག་གིས་མ་ལག་དེའི་ཐོག་གོམ་པ་གསར་པ་ཞིག་སྤོ་འདོད་ཡོད་ཀྱང་། Linux མ་ལག་གསར་པ་དེའི་ཐོག་ལས་ཀ་བྱེད་སྐབས་སྐར་ཁུང་ནང་ཡོད་པའི་མཉེན་ཆས་དེ་དག་བེད་སྤྱོད་མེད་པ་དང་། གཉེན་ཆས་གཞན་གསར་དུ་སྦྱོང་དགོས་ཀྱི་ཡོད། Linux ནང་ལས་ཀ་བྱེད་པའི་རིང་དཀའ་ངལ་འདྲ་ཕྲད་པའི་སྐབས་གཡས་གཡོན་ལ་སྐད་ཆ་དྲིས་ས་རགས་ཁག་པོ་ཡོད། གང་ཡིན་ཟེར་ན། རང་གི་གཡས་གཡོན་དུ་ཡོད་མཁན་ཚང་མས་སྐར་ཁུང་ཤེས་པ་ལས་རྒྱུད་ཁུང་མ་ལག་གསར་པ་དེ་སྐོར་ཤེས་མཁན་ཉུང་ཉུང་རེད། དེར་བརྟེན་རང་ཉིད་རང་གིས་དང་འདོད་དང་བརྩོན་པ་མེད་ན། ལམ་སང་གོམས་དྲིས་དང་ཤེས་རྒྱུ་སོགས་ཏོག་ཙམ་འགོར་པོ་ཆགས་སྲིད། གང་ལྟར་ Linux རྒྱུད་ཁུང་མ་ལག་དེ་གཅིག་ཤེས་ན་སྐར་ཁུང་དང་ཀུ་ཤུ་ལས་ཀྱང་དབྱིངས་ཆེ་བ་ཡོད།

དཔེ་མཚོན་ཞིག་ཞུ་ན། ངའི་ཐོག་མའི་དྲ་ཚིགས་དགེ་རྒན་ཨ་རི་བ་ཞིག་ཡོད། ཁོང་གིས་ Linux གྱི་གློག་ཀླད་ལ་བྱང་ཆུབ་པ་ཞིག་རེད། དེར་བརྟེན་དྲ་ཚིགས་བཟོ་སྐབས་དང་ཡིག་ཆ་ཡར་བཅུག་མར་ལེན་སོགས་ཆ་ཚང་མཐེབ་གཞོང་ཐོག་ཡི་གེ་བཏགས་ཏེ་བཀོད་འདོམས་བྱེད་ཀྱི་རེད། ཧ་ཅང་མྱུར་པོ་དང་སྟབས་བདེ་མདོག་ཁ་པོ་འདུག །ང་ཚོ་སྐར་ཁུང་སྤྱོད་མཁན་སོང་ཙང་ལམ་གསེང་གཉེན་ཆས་འདྲ་མིན་དང་མང་པོ་ཞིག་ལ་རེ་དགོས་པ་འདྲ་པོ་རེད། གལ་ཏེ་མཉེན་ཆས་ཡོད་ན་དོན་དག་ཡག་པོ་སྒྲུབ་པ་ལས་ཐབས་མེད་པ་ལྟ་བུ་ཡིན། དེ་ནི་ཞོར་ཕྲོད་ཙམ་ཡིན།

གང་ལྟར་ད་རེས་ wine 1.8 དེ་ལེགས་གྲུབ་བྱུང་བ་ནི། སྐང་ཁུང་བེད་སྤྱོད་བྱེད་མཁན་ཚོས་ Linux མ་ལག་ཐོག་མཆོང་བདེ་པོ་ཆགས་ཡོད་པ་དང། ཡང་དུས་རྒྱུན་ Linux སྤྱོད་མཁན་ཚོར་སྐར་ཁུང་གི་མཉེན་ཆས་ལེགས་གྲས་རྣམས་བེད་སྤྱོད་ཐུབ་པ་ཆགས་པ་རང་རེད།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།