Li-Fi ཚོད་ལྟ་བྱས་པ་དང་དེའི་མྱུར་ཚད་ནི་ Wi-Fi ལས་ལྡབ་བརྒྱ་ལྷག་ཙམ་གྱིས་མྱུར་བ་ཡོད།

གཅིག་བྱས་ན་ཁྱེད་ཀྱིས་ཉེ་དུས་བརྡ་འཕྲིན་ལག་རྩལ་དང་འབྲེལ་བའི་གནས་ཚུལ་ཁག་གི་ནང་ Li-Fi ཟེར་བའི་དྲ་རྒྱའི་མཐུན་རྐྱེན་གསར་པ་ཞིག་བཟོས་ཡོད་པའི་སྐོར་གནས་ཚུལ་གོ་ཐོས་བྱུང་ཡོད་ཤས། ཚན་རིག་པས་རྟག་དཔྱད་ཁང་དུ་ཚོད་ལྟ་བྱས་མཐར་བརྡ་འཕྲིན་ལག་རྩལ་གསར་པ་འདི་ནི་ད་ཡོད་ཀྱི་དྲ་རྒྱའི་མཐུན་རྐྱེན་ Wi-Fi ལས་ལྡབ་བརྒྱ་ལྷག་གིས་མྱུར་བ་དང་མྱུར་ཚད་ 224 gbps བར་སླེབས་ཀྱི་ཡོད་པ་གྲགས་ཡོད།

ད་ཆ་ཚན་རིག་པས་ Li-Fi དེ་རྟག་དཔྱད་ཁང་ནས་ཕྱིར་བཏོན་ཏེ། ཨི་སི་ཊོ་ནྱའི་རྒྱལ་ས་ཊོ་ལཱི་ཎ་ (Tallinn in Estonia) ཡི་ལས་ཁུངས་དང་ལས་གྲྭ་ཁག་གི་ནང་བེད་སྤྱོད་གཏོང་འགོ་བཙུགས་ནས་དྲ་རྒྱའི་མྱུར་ཚད་ 1GB ཅན་གྱི་ཡིག་ཆ་ཞིག་སྐར་ཆ་གཅིག་ནང་ཕབ་ལེན་བྱས་ཐུབ་ཀྱི་ཡོད། གོ་བདེ་བར་བཤད་ན་ཆུ་ཚོད་གཅིག་དང་ཕྱེད་ཀའི་ཧོ་ལི་ཝུཊ་གློག་བརྙན་ཞིག་སྐར་ཆ་གཉིས་ཀྱི་ནང་ཚུད་དྲ་ཐོག་ནས་ལེན་ཐུབ་བ་ནང་ལྟར་རེད། དེ་ནི་བསམ་ཡུལ་ལས་འདས་པའི་མྱུར་ཚད་ཞིག་རེད་ལ་དེ་སྔ་ཕན་ཆད་བྱུང་མེད།

ཨི་སི་ཊོ་ནྱའི་བརྡ་འཕྲིན་ལག་རྩལ་ཁང་གི་འགན་འཛིན་སྐུ་ཞབས་དྷི་པཀ་སོ་ལང་ཀི་ (Deepak Solanki) ལ་ IBTimes UK གསར་ཁང་གིས་བཅར་དྲི་བྱས་པའི་ནང་བརྗོད་གསལ། “ང་ཚོས་ད་ལྟ་ཚོང་སྡེ་དང་ལས་གྲྭ །སློབ་གྲྭ །ལས་ཁུངས། དབྱིངས་ཡོད་མཁན་གྱི་ཁྱིམ་ཚང་མང་པོ་ཞིག་དང་མཉམ་དུ་ Li-Fi སྒྲིག་བཅུག་གི་སྔོན་འགྲོ་ལས་འཆར་མང་པོ་ཞིག་འགྲོ་བཞིན་ཡོད།” ཟེར་བརྗོད་ཡོད།

Li-Fi ནི་སྐུ་ཞབས་ཧཱ་རལ་ཧའས་ (Harald Haas) གིས་གསར་གཏོད་གནང་བ་ཞིག་དང་། སི་ཀོཊ་ལེནཌ་ (Scotland) ནང་ཡོད་པའི་ཨི་ཌིན་བྷརག་གཙུག་ལག་ཁང་དུ་ (University of Edinburgh) ངོ་སྤྲོད་ལག་བསྟར་བྱས་ཡོད། དེ་དུས་ཁོང་གིས་ LED གློག་ཞུན་ཆུང་ཆུང་དེ་འདྲ་སྤྱད་དེ་གློག་ཞུན་གྱི་འོད་མདངས་འགྱུར་གྲོས་ལ་རྟེན་ཏེ་བརྡ་འཕྲིན་ནམ་ཡིག་ཆ་གཏོང་ལེན་བྱས་ཡོད། སྐབས་དེ་དུས་ནས་འོད་མདངས་སྤྱད་དེ་བརྡ་འཕྲིན་གཏོང་ལེན་བྱེད་སྟངས་འདི་རླུང་འཕྲིན་ལས་མྱུར་བ་དང་། རྒྱུ་ལམ་མམ་ཐགས་ཞེང་ (bandwidth, 带宽) ཆེ་བ་ཡོད་པ་རྟོགས་ཡོད།

Li-Fi ནི་འོད་ཚད་ Terahertz (THz) 400 ནས་ 800 ནང་བརྡ་ལེན་གཏོང་རེས་ཐུབ་ཀྱི་ཡོད། འོད་སྤྱད་དེ་འབྲེལ་མཐུད་བྱེད་སྟངས་དེ་ལ་དབྱིན་ཡིག་ཐོག་ VLC ( Visible Light Communication ) ཟེར། ལག་རྩལ་དེ་ནི་ཆེས་ཡར་ཐོན་གྱི་ Morse Code གསང་བརྡ་སྤྱད་ཚུལ་ནང་བཞིན་རེད། སྐར་ཆ་གཅིག་གི་ནང་ང་ཚོའི་མིག་གིས་འཛིན་མི་ཐུབ་པའི་འོད་འཁྱུག་འཁྱུག་སྟོང་ཕྲག་འགའ་བྱེད་ཐུབ་པ་དང་འོད་འཁྱུག་སྟངས་ཀྱི་རྣམ་པ་དེ་དག་གཉིས་སྤར་རྩིས་གྲངས་(binary system) ཐོག་གནས་ཚུལ་རྣམས་སྒྱུར་གཏོང་བྱེད་ཐུབ་ཀྱི་ཡོད།

ངས་འདིར་འོད་འཁྱུག་འཁྱུག་བྱེད་ཀྱི་རེད་ཟེར་བའི་སྐབས་སེམས་ཁྲལ་བྱ་མི་དགོས། གློག་འོད་རྣམས་ནི་ LED སྤྱད་ཀྱི་ཡོད་པ་དང། དེ་དག་གིས་འཁྱུག་འཁྱུག་བྱས་པར་ང་ཚོའི་མིག་གིས་འཛིན་མི་ཐུབ།

Li-Fi ཅན་གྱི་ཁོར་ཡུག་དང་ཤེས་དགོས་པ་འགའ།

Li-Fi འདི་ Wi-Fi ལས་མྱུར་བ་ཡོད་པའི་སྟེང་ད་དུང་ཁྱད་ཆོས་གཞན་དག་ནི། འོད་རྩིག་གྱང་བཅད་དེ་འགྲོ་མི་ཐུབ་པ་དེ་ཡིན། དེར་བརྟེན་ཁང་པའི་ནང་ངོས་སུ་དྲ་རྒྱའི་མཐུན་རྐྱེན་ཆ་ཚང་ལྡན་ཡང་ཕྱི་ཕྱོགས་སུ་འགག་ནས་དྲ་རྒྱའི་བདེ་འཇག་ལ་སྒེར་སྲུང་བྱུང་བ་རེད། གཉིས་ནས་འོད་ཀྱིས་ད་ཡོད་ཀྱི་རླུང་འཕྲིན་རྒྱུ་ལམ་ (ཐགས་ཞེང་) ལ་འགོག་རྐྱེན་རྩ་བ་ནས་སླེབས་ཀྱི་མེད་པ་རེད།

ད་ལྟ་དང་མ་འོངས་གང་དུའང་ Li-Fi སླེབས་པའི་རྐྱེན་གྱིས་ Wi-Fi མེད་པ་ཆགས་འགྲོ་བ་དེ་འདྲ་མི་སྲིད་ཀྱང་། Li-Fi གྱི་བརྡ་འཕྲིན་ལག་རྩལ་གསར་པ་དེ་ Wi-Fi དང་དཔུང་པ་མཉམ་གཤིབ་དང་སྤྱོད་སྒོ་རྒྱ་ཆེ། དགོས་མཁོ་འདྲ་མིན་ལ་གཞིག་པའི་བེད་སྤྱོད་གཏོང་རྒྱུ་ཡོང་བ་ཆགས་ཐུབ།

Li-Fi ནི་ལག་རྩལ་གསར་པ་དང། ཕྱི་ནང་རྒྱལ་ཁབ་མང་པོའི་ནང་ཁྱབ་ཐུབ་པ་དང་ལག་བསྟར་ཐུབ་པའི་གདེང་ཚོད་བྱུང་བར་བརྟེན། སྐུ་ཞབས་ཧཱ་རལ་ཧའས་ (Harald Haas) དང་ཁོང་གི་མཉམ་ལས་རུ་ཁག་གིས་ PureLiFi ཟེར་བའི་ཀམ་པ་ཎི་གསར་བཙུགས་བྱས་པ་རེད། ད་ལྟའི་ཆར་ཁོང་ཚོས་ Li-Fi འཕྲུལ་ཆས་སྟབས་བདེ་འགའ་ཤས་བཟོས་ཏེ་འགྲེམས་ཚོང་དང་ཚོགས་སྡེ་ཁག་གི་ནང་སྒྲིག་བཙུགས་ཀྱང་བྱེད་རོགས་བྱེད་ཀྱི་ཡོད་འདུག །ད་ལྟའི་ Li-Fi ཐོན་རིམ་དང་པོ་དེ་དག་གིས་དྲ་རྒྱའི་མྱུར་ཚད་ནི་སྐར་ཆ་གཅིག་ནང་ 11.5 MB ཅན་གྱི་ཡིག་ཆ་གཏོང་རེས་དང་ཕབ་ལེན་བྱས་ཐུབ་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་ད་ཡོད་ཀྱི་ Wi-Fi སྤུད་ཚད་མཐོ་ཤོས་དང་འདྲ་པོ་རེད། ཧྥ་རན་སིའི་འཕྲུལ་ཆས་བཟོ་གྲྭ་ Oledcomm གྱིས་ Li-Fi དེ་བཞིན་སྒེར་མཉེར་སྨན་ཁང་ཆེན་པོ་ཞིག་གི་ནང་སྒྲིག་འཇུག་བྱས་ཡོད།

“རིང་པོར་མ་ཐོག་པར་ང་ཚོས་ཉིང་ལྷེབ་ཕྲ་མོ་ (microchip 微型芯片) ཞིག་གློག་བཞུ་(ཤེལ་རྡོག) དེ་དག་གི་ནང་བཅུག་ཐུབ། དེ་དུས་གློག་བཞུས་དོན་དག་གཉིས་གྲུབ་ཐུབ། གཅིག་ནས་འོད་སྣང་སྦྱིན་ཐུབ་པ་དང་། གཉིས་ནས་དྲ་རྒྱའི་མཐུན་རྐྱེན་སྦྱོར་ཐུབ། མ་འོངས་དུས་ཚོད་ཅིག་གི་ནང་འོད་ཟེར་ཡོད་ན་དྲ་རྒྱ་ཡོད་ཤག་ཤག་ཆགས་རྒྱུ་ནི་ངའི་རེ་བ་ཡིན།”

སྐུ་ཞབས་ཧཱ་རལ་ཧའས་ (Harald Haas)ཀྱིས་དེ་ལྟར་གསུངས།སྐུ་ཞབས་ཧཱ་རལ་ཧའས་ (Harald Haas) ཀྱིས་ཕྱི་ལོ་ 2011 ལོའི་ TED talk གཏམ་བཤད་ལ་གཟིགས་ན།

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།