FAT32 དང་ NTFS, exFAT བཅས་ལ་ཁྱད་པ་གང་ཡོད།

FAT32 དང་ NTFS, exFAT གསུམ་ནི་སྐར་ཁུང་མ་ལག་གི་ཡིག་ཆའི་རྒྱུད་ཁོངས་ཡིན། ཡིག་ཆའི་རྒྱུད་ཁོངས་ཟེར་བ་ནི། གློག་ཀླད་ནང་གི་ཡིག་ཆ་རྣམས་གསོག་སྡེར་ནང་ཇི་ལྟར་ཉར་གསོག་དང་གནས་དགོས་པའི་སྒྲིག་གཞི་ཞིག་ཡིན། ཡིག་ཆའི་རྒྱུད་ཁོངས་གིས་གློག་ཀླད་ནང་ཡོད་པའི་ཡིག་ཆ་དང་ཡིག་ཁུག མཉེན་ཆས་སོགས་ཀྱི་བྱ་འགུལ་དང་། སྒྲིག་རིམ། འབྲེལ་མཐུད་བྱེད་སྟངས་སོགས་ལ་སྟངས་འཛིན་བྱེད་ཀྱི་ཡོད།

མཐེབ་སྡེར་(Pen Drivve)དང་དང་ཕྱི་གསོག་སྲ་སྡེར་(external Hard Disk)ཇི་འདྲ་ཞིག་སྐར་ཁང་རྒྱུད་དེ་གཙང་གསུབ་ (Format) གཏོང་དགོས་རིགས་སྐར་ཁུང་གིས་འདེམས་ག་གསུམ་སྤྲོད་ཀྱི་ཡོད། དེ་དག་ནི་གསོག་སྡེར་གྱི་ཡིག་ཆའི་རྒྱུད་ཁོངས་ NTFS ཐོག་དང་ FAT32 ཡང་ན་ exFAT གསུམ་གང་རུང་གཅིག་ལ་འཇོག་རྒྱུ་དེ་ཡིན། སྐར་ཁུང་གིས་འདེམས་ག་དེ་གསུམ་འཇོག་ཡོད་པ་ལས་དེ་ལ་དམིགས་བསལ་གྱི་འགྲེལ་བརྗོད་མེད། རྒྱུན་གཏན་གློག་ཀླད་ཐོག་ལས་ཀ་བྱེད་མཁན་ཞིག་ལ་ཡང་ཡང་འཕྲད་རྒྱུ་ཡོད་པའི་ཚིག་དེ་གསུམ་ལ་ང་ཚོས་རྒྱུད་མངའ་རོབ་ཙམ་ལོན་འདོད་ན། གུས་པས་གཤམ་ལ་ཡིག་ཆའི་རྒྱུད་ཁོངས་དེ་དག་རེ་རེའི་ཁྱད་ཆོས་དང་དེ་ཚོའི་ཁྱད་པར་གང་ཡོད་གོ་བདེ་དོན་བསྡུས་ཞིག་གཤམ་ལ་ཆད་པར་བྱ།

FAT32

FAT32 ནི་ཡིག་ཆའི་རྒྱུད་ཁོངས་རྙིང་གྲས་ཞིག་ཡིན་པ་དང་སྐར་ཁུང་ 95 སྐབས་བཟོས་པ་ཞིག་ཡིན། དེའི་གོང་གི་སྐར་ཁུང་ཐོན་སྔ་བ་རྣམས་ཡིག་ཆའི་རྒྱུད་ཁོངས་ FAT16 ཐོག་བཟོས་ཡོད། ཡིག་ཆའི་རྒྱུད་ཁོངས་འདི་ལ་ལེགས་ཉེས་ཀྱི་ཆ་གཉིས་ཀ་ལྡན་ཡོད། ཡིག་ཆའི་རྒྱུད་ཁོངས་རྙིང་པ་ཡིན་པ་བརྟེན་སྐར་ཁུང་95 ནས་ད་ལྟ་བར་བྱུང་བའི་སྐར་ཁུང་ཚང་མས་ངོས་འཛིན་ཐུབ་པ་དང་། མཐེབ་སྡེར་དང་སྲ་སྡེར་ཇི་འདྲ་ཞིག་ FAT32 ཡིན་ཕྱིན་གློག་འཕྲུལ་ཚང་མའི་ནང་ཁ་འབྱེད་ཐུབ་ཀྱི་ཡོད།

ཡིག་ཆའི་རྒྱུད་ཁོངས་དེའི་སྐྱོན་ཆ་ནི། སྲ་སྡེར་ཞིག་ FAT32 བསྒྱུར་ཟིན་ན། སྲ་སྡེར་དེའི་ཐོག་ཡིག་ཆ་གཅིག་ལ་ 4GB སྒང་ལ་ཡོད་ན་ཉར་གསོག་མི་ཐུབ་པ་དང། གསོག་སྡེར་ཞིག་ལ་ཁྱོན་ཡོངས་ཀྱི་གཤོང་ཚད་ 2TB ལས་མེད། མ་ཟད་ཡིག་ཆའི་རྒྱུད་ཁོངས་དེའི་ཐོག་ཡིག་ཆའི་དབང་ཚད་སྒྲིག་རྒྱུའི་འདེམས་ག་སོགས་གང་ཡང་མེད། དེར་བརྟེན་ཡིག་ཆའི་རྒྱུད་ཁོངས་དེ་ FAT32 ཡིན་པའི་གསོག་སྡེར་ནང་གི་ཡིག་ཆ་འཕྲོག་བརླག་འགྲོ་སླ་བ་དང་། བསྐྱར་གསོའི་ནུས་པ་མེད།

མདོར་བསྡུས་ན་བཤད་ན། FAT32 བྱས་པའི་མཐེབ་སྡེར་དང་སྲ་སྡེར་རྣམས་གློག་ཀླད་རིགས་ཚང་མའི་ནང་ཁ་འབྱེད་ཐུབ། འོན་ཀྱང་ཡིག་ཆ་གཅིག་ལ་ 4GB ལས་ཆེ་བ་ཡོད་ན་གསོག་སྡེར་ནང་ཉར་མི་ཐུབ། སྲ་སྡེར་དེའི་སྤྱིིའི་གཤོང་ཚད་མཐོ་ཤོས་ 2TB ལས་མེད།

Two USB devices over a black keyboard

NTFS

NTFS ནི་སྐར་ཁུང་ཚང་གིས་དེང་སང་བེད་སྤྱོད་བྱེད་བཞིན་པའི་སྲ་སྡེར་གྱི་ཡིག་ཆའི་རྒྱུད་ཁོངས་ཅིག་ཡིན། སྐར་ཁུང་ Vista, 7, 8, 8.1, 10 བཅས་ཀྱ་རྩིས་འཁོར་གྱི་ཡིག་ཆའི་རྒྱུད་ཁོངས་ནི་ NTFS ཐོག་འཇོག་དགོས་ཀྱི་ཡོད། ཡིག་ཆའི་རྒྱུད་ཁོངས་འདི་ལ་གློག་ཀླད་ནང་ཡོད་པའི་ཡིག་ཆ་དང་ཡིག་ཁུག་(Folder) མཉེན་ཆས་སོགས་ལ་བལྟ་ཀློག་གི་དབང་ཚད་སྒྲིག་རྒྱུ་ཡོད་པ། ཡིག་ཆ་དང་གློག་ཀླད་ལ་སྐྱོན་ཆ་བྱུང་ན་བསྐྱར་གསོ་བརྒྱག་ཐུབ་པ། གསོག་ཚད་ཚད་བཀག་མེད་པ་སོགས་དེ་དང་དེ་མིན་གྱི་ཁྱད་ཕན་ཆེན་པོ་ཡོད།

NTFS དེ་སྐར་ཁུང་ 10 ནས་སྐར་ཁུང་ XP བར་ཐོན་པའི་གློག་ཀླད་ཀྱིས་ངོས་འཛིན་ཐུབ་ཀྱང་། NTFS ཅན་གྱི་སྲ་སྡེར་རམ་མཐེབ་སྡེར་ཞིག་ཀུ་ཤུ་དང་ལི་ནེཀ་སི་(Linux)གློག་ཀླད་ནང་བཅུག་སྐབས་སྲ་སྡེར་དང་མཐེབ་ནང་གི་ཡིག་ཆ་རྣམས་ལྟ་ཐུབ་ཙམ་ལས་ནང་ངོས་སུ་ཡིག་ཆ་བཟོ་མི་ཐུབ།

hard drive with blue reflection. see portfolio for similar concepts.

exFAT

exFAT ནི་ཕྱི་ལོ་ 2006 ལོར་གཏན་འབེབ་བྱས་པའི་ཡིག་ཆའི་རྒྱུད་ཁོངས་ཞིག་ཡིན་པ་དང་། དེ་སྔའི་སྐར་ཁུང་ XP དང་ Vista ལ་ཁ་སྣོན་བྱས་ཡོད། exFAT ནི་FAT32 གི་ཡིག་ཆའི་གཤོང་ཚད་ཀྱི་གནད་དོན་ནམ་སྐྱོན་ཆ་དེ་སེལ་ཐབས་གཙོ་བོར་དམིགས་པ་ལས་དེ་མིན་གྱི་ཁྱད་ཆོས་གཞན་མེད། exFAT ནི་NTFSལྟར་ཡིག་ཆའི་གཤོང་ཚད་ལ་ཚད་བཀག་མེད། འོན་ཀྱང་exFAT ལ་NTFS ལྟར་ཡིག་ཆའི་ཉེན་སྲུང་དང་བཀོད་སྒྲིག་བྱེད་པའི་ཡིག་ཆའི་དབང་ཚད་(file permission) དེ་དག་མེད།

གློག་ཀླད་དང་གློག་ཆས་འདྲ་མིན་ནང་ཁ་འབྱེད་ཐུབ་མིན་ལ་དཔྱད་ན།

  • གསོག་སྡེར་ཞིག་ NTFS ཐོག་འཇོག་ཡོད་ན། གསོག་སྡེར་དེ་སྐར་ཁུང་བདུན་པ་དང་དེའི་རྗེས་ཀྱི་སྐར་ཁུང་ཐོན་རིམ་གསར་གྲས་ཚང་མས་ཁ་འབྱེད་ཐུབ། འོནཀྱང་ཀུ་ཤུའི་གློག་ཀླད་དེང་དུས་གློག་ཆས་གཞན་དང་ཁ་པར་སོགས་ཀྱིས་ཁ་འབྱེད་མི་ཐུབ།
  • གསོག་སྡེར་ཞིག་ exFAT ཐོག་འཇོག་ཡོད་ན། གསོག་སྡེར་དེ་སྐར་ཁུང་བདུན་པ་དང་དེའི་རྗེས་ཀྱི་སྐར་ཁུང་གསར་པ་དེ་དག་གིས་ཁ་འབྱེད་ཐུབ། འོན་ཀྱང་སྐར་ཁུང་ XP དང་དེའི་གོང་གི་སྐར་ཁུང་རྙིང་པ། ཀུ་ཤུའི་གློག་ཀླད། དེང་དུས་གློག་ཆས་དང་ཁ་པར་སོགས་ཀྱི་ནང་ཁ་འབྱེད་མི་ཐུབ།
  • གསོག་སྡེར་ཞིག་ FAT32 ཐོག་འཇོག་ཡོད་ན། སྐར་ཁུང་གི་གློག་ཀླད་ཡོད་དོ་ཅོག་དང། དེང་དུས་ཀྱི་གློག་ཆས་ཁ་པར་སོགས་ཀྱི་ནང་ཁ་འབྱེད་ཐུབ། འོན་ཀྱང་ཀུ་ཤུའི་གློག་ཀླད་ནང་མི་ཡོང་།

མིང་ཚིག

Hard Disk / 硬盘 / སྲ་སྡེར།
Pen Drive / མཐེབ་སྡེར།
External Hard Disk / 外置硬盘 / ཕྱི་གསོག་སྲ་སྡེར།
Memory Card / 存储卡 / གསོག་ལྷེབ།
Folder / 文件夹 / ཡིག་ཁུག
File System / 文件系统 / ཡིག་ཆའི་རྒྱུད་ཁོངས།
File Permission / 文件权限 / ཡིག་ཆའི་དབང་ཚད།

Usb flash drives on the metal background
Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།