TB

WordPress མི་དགོས། དྲ་ཚིགས་གསར་པའི་ལམ་བུ་མུ་མཐུད་གནས།

Format: DOCX Published: November 16, 2026 Loading document...

ཁྱེད་ཀྱིས་ད་ལྟ་གཟིགས་བཞིན་པའི་དྲ་ཚིགས་འདི་ནི་ WordPress ནང་བཟོས་པ་ཞིག་མ་རེད། ལོ་ངོ་བརྒྱད་ལྷག་རིང་ WordPress ལ་བརྟེན་ནས་གཉེར་བའི་དྲ་ཚིགས་ཀྱི་འགྲོ་སྟངས་དེ་བཞག་སྟེ། ཐབས་ཇུས་དང་འཆར་འགོད་གསར་པའི་ལམ་ནས་བཟོས་པའི་དྲ་ཚིགས་ཀྱི་སྒྲོམ་གཞི་འདི་ད་ནས་བཟུང་འགོ་བཙུགས་པ་ཡིན། འདི་ནི་ཚོད་ལྟ་ཞིག་ཡིན་ནའང་། གྲུབ་འབྲས་འདོད་བློ་ཁེངས་པོ་ཞིག་རག་བྱུང་བས་དྲ་ཚིགས་ཇུས་འགོད་བྱེད་སྟངས་གསར་པ་ཞིག་ལ་ཁ་ཕྱོགས་སྒྱུར་ཐུབ་པ་བྱུང་།

རྩིས་ཤིག་བརྒྱབ་དུས། www.sonamdawa.com ཡི་དྲ་ཚིགས་འདི་ཐོག་མར་གཉེར་ནས་ད་བར་ལོ་ངོ་བཅོ་ལྔ་ལྷག་ཕྱིན་འདུག །ལོ་དུས་དེ་དག་གི་རིང་དྲ་ཚིགས་ཀྱི་སྤྱི་ཁོག་ལ་འགྱུར་བ་མང་པོ་བཏང་བ་ཡིན་ལ། འཕྲུལ་རིག་གི་གནད་དོན་དབང་གིས་དྲ་ཚིགས་མེད་པ་ཆགས་པ་དང་ནང་དོན་འབོར་བརླག་ཤོར་བ་ཡང་ཐེངས་འགའ་བྱུང་སོང་། འོན་ཀྱང་སྟབས་ལེགས་པ་ཞིག་ལ། ང་རང་དྲ་ཚིགས་བཟོ་རྒྱུ་དང་གློག་ཀླད་སྐོར་གྱི་རྩོམ་ཡིག་སྤེལ་རྒྱུར་ཧ་ཅང་དགའ་བའི་དབང་གིས་མཚམས་མ་ཆད་པར་ད་ལྟ་བར་རྒྱུན་སྲིང་ཐུབ་པ་བྱུང་བ་ནི་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད་འདུག

ཐོག་མའི་གོམ་པ་དང་དྲིན་ཅན་དགེ་རྒན།

ཕྱི་ལོ་ ༢༠༠༧ ལོར་ངས་དྲ་ཚིགས་བཟོ་བྱེད་ཀྱི་ HTML དང་ CSS སྐོར་རོབ་ཙམ་ཤེས་པ་དང་། དེ་ནས་ཨ་རི་ནས་ཡིན་པའི་དགེ་རྒན་ James ལགས་དང་མཇལ་ཏེ། ཁོང་གིས་གུས་པར་རིན་མེད་དང་བརྩེ་བ་ཆེན་པོས་དྲ་ཚིགས་བཟོ་སྟངས་ཀྱི་ཤེས་བྱ་ཐ་དག་འཛེམས་སོན་མེད་པར་བསླབས་པའི་བཀའ་དྲིན་ལ་བརྟེན་ནས། ངས་དྲ་ཚིགས་ལས་རིགས་ཀྱི་སྐས་འཛེགས་ཐོག་མ་དེ་འཛེགས་ཐུབ་པ་བྱུང་།

དེ་དུས་དྲ་ཚིགས་གཉེར་རྒྱུ་ནི་རིན་གོང་ཆེ་བས། ཚོགས་པ་ཁག་ཡིན་ན་མ་གཏོགས་མི་སྒེར་ཞིག་གིས་དྲ་ཚིགས་བཟོ་རྒྱུ་དང་བདག་པོ་རྒྱག་རྒྱུ་ནི་བསམ་བློ་འཁོར་ཁག་པོ་རེད། སྐབས་དེར་ཚོགས་པ་ཁག་དང་གཞུང་ཕྱོགས་ཀྱི་དྲ་ཚིགས་ཇི་སྙེད་ཅིག་ཡོད་པ་རྣམས། དྲ་ཚིགས་ཤེས་མཁན་གྱི་ཕྱི་རྒྱལ་དྭངས་བླངས་པ་ཚོས་བཟོ་རོགས་བྱས་བཞག་པ་ཤ་སྟག་ཡིན་སྟབས། རྗེས་སུ་བདག་ཉར་བྱེད་པར་དཀའ་ཚེགས་མང་པོ་འཕྲད་ཀྱི་ཡོད།

ངས་དྲན་གསོས་པ་ཞིག་ལ། དེ་དུས་ “དགུ་བཅུ་གསུམ་” ཚོགས་པའི་དྲ་ཚིགས་ཤིག་ལ་གནད་དོན་ཞིག་འཕྲད་ནས་ང་ལ་བལྟ་རོགས་ཞེས་རེ་སྐུལ་དང་སྦྲགས་སྐད་བཏང་བྱུང་། སྐབས་དེར་ངའི་བསམ་པར་སྤྱིར་བཏང་གི་ HTML/CSS སྐོར་ཡིན་གྱི་རེད་དྲན་ནས་རོགས་པ་བྱེད་ཐུབ་ན་ངེས་པར་བྱེད་བསམས་ཏེ་ཁོང་ཚོའི་ལས་ཁུངས་སུ་ཕྱིན་པ་ཡིན། འོན་ཀྱང་ཕ་གིར་སླེབས་ནས་གློག་ཀླད་ལ་བལྟས་དུས། དྲ་ཚིགས་ནང་རྩོམ་ཡིག་སྤེལ་རྒྱུར་གསང་ཟྭ་ (Password) དང་ཆོག་མཆན་ཡོད་ན་མ་གཏོགས་ལག་པ་འཆང་ས་ཞིག་མི་འདུག །དྲ་ཚིགས་དེ་དབྱིན་ཇིའི་དྭངས་བླངས་པ་ཞིག་གིས་བཟོས་ནས་བཞག་པ་ཞིག་རེད་འདུག་ཀྱང་། ཁོང་ཕྱི་རྒྱལ་ལ་ཕར་ལོག་དུས་དྲ་ཚིགས་ནང་ལག་པ་འཆང་སྟངས་དང་གསང་ཟྭ་མ་བཞག་པར་ཕྱིན་འདུག །དེར་བརྟེན་ང་ལ་ཡང་ཐབས་ཤེས་གང་ཡང་མ་རྙེད་པར། དྲ་ཚིགས་བཟོ་མཁན་ཁོང་ལ་འབྲེལ་བ་བྱེད་ན་མ་གཏོགས་ཐབས་ཤེས་མི་འདུག་ཅེས་བརྗོད་ནས་ལོག་ཕྱིན་པ་ཡིན།

དེ་དུས་བོད་པའི་སྤྱི་ཚོགས་ནང་དྲ་ཚིགས་དང་གློག་ཀླད་ཀྱི་ཤེས་བྱ་ཚད་མཐོ་པོ་ཡོད་མཁན་མང་པོ་མེད་པས། དྲ་ཚིགས་སྐོར་མ་ཤེས་ཀྱང་གློག་ཀླད་ཏོག་ཙམ་ཤེས་པ་ཙམ་གྱིས་གཞུང་དང་ཚོགས་པ་གང་དུའང་ལས་ཀ་རག་བདེ་པོ་ཡོད།

ལག་ལེན་དངོས་དང་སྤྱི་ཚོགས་ཞབས་ཞུ།

ངའི་རྒན་ལགས་དྲིན་ཅན་ཁོང་གིས་ང་དྲ་ཚིགས་ལ་སྦྱང་བརྩོན་དང་ཤེས་མགྱོགས་པོ་ཡོད་པ་མཐོང་ནས་དགའ་ཚོར་ཆེན་པོ་གནང་གི་རེད། དེ་དུས་ཁོང་གིས་ང་ལ་ sonamdawa.webwalker.com ཟེར་བའི་དྲ་ཚིགས་ས་ཆ་ 100MB བཟོས་ནས་གནང་བྱུང་བ་དེ་ནི་ངའི་ཐོག་མའི་དྲ་ཚིགས་ཁ་བྱང་རེད། ངས་དུས་ཚོད་མི་ཉུང་ཞིག་བཏང་ནས་དྲ་ཚིགས་ངོ་མ་ཞིག་བཟོ་འགོ་བཙུགས་པ་ཡིན། དགེ་རྒན་ཁོང་གིས་བསླབས་པའི་ HTML/CSS བེད་སྤྱད་དེ་དྲ་ཚིགས་ཀྱི་ཤོག་ངོས་དྲུག་བཟོས་པ་དང་། ཉིན་ཞིག་རྒན་ལགས་ཀྱིས་དེ་གཟིགས་མ་ཐག “Excellent, Excellent” ཞེས་ཡང་ནས་ཡང་དུ་གསུངས་མྱོང་། སྐབས་དེའི་ངའི་སེམས་འཚོར་ནི་བརྗོད་མི་ཤེས་པའི་དགའ་སྤྲོ་ཞིག་རེད།

སྐབས་དེར་ངས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་གློག་ཀླད་དང་འབྲེལ་བའི་དྭངས་བླངས་ལས་ཀ་ཟླ་བ་བརྒྱད་བྱས་ཤིང་། གཞོན་ནུ་ལྷན་ཚོགས་ཀྱི་དྲ་ཚིགས་ལ་སྤྱི་ཡོངས་ནས་བཟོ་བཅོས་བྱས་པ་ཡིན། དེ་དུས་བོད་པའི་དྲ་ཚིགས་ཁྲོད་ནས་གཞོན་ནུ་ལྷན་ཚོགས་ཀྱི་དྲ་ཚིགས་ཐོག་སྒྲ་དང་བརྙན་ཐོག་མར་ཉན་རྒྱུ་དང་ལྟ་རྒྱུ་ཡོད་པ་བཟོ་ཐུབ་པ་བྱུང་། ཕྱི་ལོ་ ༢༠༠༧ ལོར་གཞོན་ནུ་ལྷན་ཚོགས་ཀྱི་བོད་ཀྱི་ཞི་བའི་ལས་འགུལ་ཆེ་ཤོས་ཤིག་བྱུང་བའི་སྐབས། དྲ་ཚིགས་དེ་བརྒྱུད་ནས་ལས་འགུལ་ཡོངས་རྫོགས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་ཡི་གེ་དང་། འདྲ་པར། ལས་འགུལ་བའི་སྐད་ཆ་དང་འབོད་སྒྲ་བཅས་ཉན་ཐུབ་པ་བྱུང་བས་དམིགས་བསལ་གྱི་ཤུགས་རྐྱེན་ཐེབས་ཡོད། ལས་འགུལ་དེའི་མཐའ་མའི་གྲུབ་འབྲས་ལེགས་ཉེས་ལ་མ་ལྟོས་པར། དྲ་ཚིགས་ཀྱི་ནུས་པ་ནི་ཧང་སངས་དགོས་པ་ཞིག་ཡིན་པ་སྐབས་དེར་ཚོར་བ་ཤུགས་ཆེན་པོ་བྱུང་། སྒེར་དང་ཚོགས་པའི་དྲ་ཚིགས་གཉིས་ཀའི་སྒང་ལ་ལས་ཀ་བྱས་པ་བརྒྱུད་ HTML/CSS ལ་ངེས་ཤེས་དང་དྲ་ཚིགས་ཀྱི་ཤེས་བྱ་མཐིལ་ཕྱིན་པ་ཞིག་ཤེས་ཐུབ་པ་བྱུང་།

༢༠༠༨ ནས་ ༢༠༡༡ བར་ལོ་བཞིའི་རིང་དྷ་ཤོད་བོད་ཁྱིམ་སློབ་གྲྭར་གློག་ཀླད་དགེ་རྒན་གྱི་ལས་ཀ་བྱས་ཤིང་། དེའི་རིང་དྲ་ཚིགས་སྐོར་གྱི་ PHP དང་ MySQL ཟུར་སྦྱོང་བྱས། དགེ་རྒན་གྱི་ལས་ཀར་སྒེར་གྱི་དུས་ཚོད་ཉུང་ཉུང་ཡིན་དུས་སློབ་ཚན་དེ་གཉིས་རོབ་ཙམ་ལས་སྦྱོང་རྒྱུ་མ་བྱུང་ཡང་། སྐབས་དེར་ Macromedia Flash ཟེར་བའི་འགུལ་རིས་བརྙན་བཟོའི་མཉེན་ཆས་ལེགས་པོ་ཞིག་ཆ་ཚང་ཤེས་པ་བྱས་ནས་སློབ་གྲྭ་དང་འཛིན་གྲྭའི་ནང་གཟིགས་འབུལ་བྱེད་རྒྱུ་བྱུང་།

-57853-339114

Blogger དང་དཔེ་མཛོད་ཁང་གི་དུས་རབས།

462871820296ཕྱི་ལོ་ ༢༠༡༡ ཙམ་ལ་རྩོམ་ཡིག་སྤེལ་སའི་དྲ་གནས་ Google Blogger སྐད་གྲགས་ཆེན་པོ་ཆགས་པ་དང་། དེ་དུས་ WordPress དང་ Tumblr ཟེར་བ་ཡང་ཐོན་འགོ་ཚུགས། ངས་ Google Blogger ཐོག་རྩོམ་ཡིག་ཐོག་མར་སྤེལ་བའི་དྲ་ཚིགས་ཁ་བྱང་ནི་ sonamdawa.blogspot.com ཡིན་ཞིང་། རྩོམ་ཡིག་དང་པོའི་འགོ་བརྗོད་དུ་ “བྷོ་ཊ་” ཞེས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༣ ཉིན་སྤེལ་འདུག །དྲ་གནས་འདིའི་ཐོག་ ༢༠༡༨ ཟླ་ ༩ ཚེས་ ༡༢ བར་གློག་ཀླད་སྐོར་གྱི་རྩོམ་ཡིག་གཙོ་བོ་དང་དེ་མིན་གྱི་རྩོམ་ཡིག་འདྲ་མིན་བསྡོམས་པས་གྲངས་ ༥༠༤ སྤེལ་འདུག

Google Blogger སྒང་ལ་ HTML/CSS སོགས་ལ་ལག་པ་འཆང་རྒྱུ་ཡོད་པ་མ་ཟད། https://www.sonamdawa.com ཟེར་བའི་དྲ་ཚིགས་ཁ་བྱང་འཇོག་རྒྱུ་ཡོད་པས་ལོ་བདུན་རིང་དྲ་ཚིགས་ངོ་མ་བཞིན་ཇུས་འགོད་བྱས་ནས་བེད་སྤྱོད་བྱས་པ་ཡིན། Blogger བེད་སྤྱད་ནས་མི་སྒེར་དང་ཚོགས་པ། སློབ་གྲྭ་སོགས་ཀྱི་དྲ་ཚིགས་ངོ་མ་མང་པོ་བཟོས་པ་ཡིན་ལ། ད་ལྟའང་དེའི་ཐོག་ནས་རིན་པ་འབྲིང་ཙམ་བླངས་ཏེ་དྲ་ཚིགས་བཟོ་གི་ཡོད། Blogger སྒང་དུ་བཟོས་པའི་དྲ་ཚིགས་ནི་བདག་ཉར་བྱེད་རྒྱུར་ཧ་ཅང་སྟབས་བདེ་པོ་དང་། དྲ་འབུ་དང་དུག་ཕོག་པའི་སེམས་ཁྲལ་མེད་པ། ཐོག་མར་དྲ་ཚིགས་བཟོ་བའི་འགྲོ་གྲོན་གཅིག་པུ་མ་གཏོགས་རྗེས་སུ་འགྲོ་སོང་ཧ་ཅང་ཆུང་བས། ཚོགས་པ་ཆུང་ཆུང་དང་མི་སྒེར་གྱི་དྲ་ཚིགས་ཆེད་ཧ་ཅང་ལེགས་པོ་ཡོད།

ཕྱི་ལོ་ ༢༠༡༢ ལོ་ནས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་དྲ་ཚིགས་དོ་དམ་པའི་ལས་ཀར་ཞུགས། དཔེ་མཛོད་ཁང་གི་དྲ་ཚིགས་ནི་ཨ་རི་བ་དྭངས་བླངས་པ་ཞིག་གིས་ Joomla ཟེར་བའི་མཉེན་ཆས་སྤྱད་ནས་བཟོས་པ་ཞིག་རེད། Joomla ནང་དྲ་ཚིགས་སྙིང་རྗེ་པོ་བཟོ་ཐུབ་ཀྱང་བདག་པོ་རྒྱག་རྒྱུར་མགོ་རྙོག་པོ་ཡོད། ངས་ Joomla ནང་དྲ་ཚིགས་བཟོས་མ་མྱོང་ཡང་དཔེ་མཛོད་ཁང་གི་དྲ་ཚིགས་དེ་ལོ་གསུམ་རིང་བདག་པོ་བརྒྱབ་པ་ཡིན། ལོ་དེ་གསུམ་རིང་པར་དང་རི་མོ་བཟོ་རྒྱུར་དམིགས་བསལ་གྱི་དབྱིངས་ཤིག་སླེབས་ཏེ། དྲ་ཐོག་དང་ YouTube བརྒྱུད་ནས་ Photoshop དང་ Illustrator, Dreamweaver སོགས་སྦྱངས་པ་ཡིན།

ཕྱི་ལོ་ ༢༠༡༦ ལོར་ཡིག་རྒྱུགས་བཏང་ནས་དཔེ་མཛོད་ཁང་འདི་གའི་པར་སྐྲུན་སྡེ་ཚན་གྱི་ས་དམིགས་ཐོབ་སོང་། པར་སྐྲུན་སྡེ་ཚན་ནི་དཔེ་དེབ་སྒྲིག་འཇུག་དང་ཇུས་འགོད། པར་ཁང་འབྲེལ་མཐུད། རྩོམ་པ་པོ་དང་འབྲེལ་བ་བྱེད་རྒྱུའི་རྐང་འགན་ཡིན། དེ་ནས་བཟུང་ Adobe InDesign ལ་ལེགས་པར་སྦྱངས་ཏེ་དཔེ་དེབ་ཀྱི་རྒྱབ་ཤ་ཇུས་འགོད་སྒང་ལ་ལོ་དང་ཟླ་བ་བཏང་བས་ཆ་ཚང་ལེགས་པོ་ཤེས་བྱུང་།

WordPress བཞག་སྟེ་ལམ་བུ་གསར་པར་བསྐྱོད་པ།

ཕྱི་ལོ་ ༢༠༡༨ ཙམ་ལ་ངའི་སྒེར་གྱི་དྲ་ཚིགས་ https://www.sonamdawa.com འདི་ Blogger བཞག་ནས་ WordPress ཐོག་སྤོས་པ་དང་། དེ་ནས་བཟུང་ ༢༠༢༦ ཟླ་ ༡༡ བར་ལོ་བརྒྱད་ལྷག་རྩོམ་ཡིག་འདིའི་ཐོག་མུ་མཐུད་སྤེལ་བ་ཡིན། བར་དུ་ལོ་གཉིས་གསུམ་ (༢༠༢༠–༢༠༢༣) རིང་དྲ་ཚིགས་དང་སྒེར་གྱི་ YouTube གཉིས་ཀར་ལག་པ་རྩ་བ་ནས་མ་འཆང་ཡང་། ལོ་དེ་དག་ནང་ཚོགས་པ་དང་སྒེར་གྱི་དྲ་ཚིགས་ ༢༠ ལྷག་ WordPress སྤྱད་ནས་ཇུས་འགོད་བྱས་པ་ཡིན།

འོན་ཀྱང་ WordPress ཐོག་དྲ་ཚིགས་བཟོ་བའི་སྐབས་སྐྱོན་ཆ་དང་ཞན་ཆ་མི་ཉུང་ཞིག་མཐོང་བྱུང་། ཐོག་མར་དྲ་ཚིགས་བཟོ་བའི་བརྒྱུད་རིམ་དང་། དེ་ནས་དྲ་ཚིགས་བདག་པོ་རྒྱག་མཁན་ལ་དཀའ་ཚེགས་ཆེ་ཞིང་སྟབས་བདེ་དེ་ཙམ་མེད་པ། བཟོས་ཟིན་པའི་དྲ་ཚིགས་ཉར་ཚགས་དང་སྐྱོན་ཆ་བྱུང་ན་བསྐྱར་གསོ་བྱེད་རྒྱུར་དཀའ་ཁག་མི་ཉུང་བ། དུས་ཐོག་ཏུ་ WordPress དང་དེའི་ནང་གི་ Plugin རྣམས་གསར་སྒྱུར་ (Update) བྱེད་དགོས་པ་དང་རིན་པ་སྤྲད་དེ་ཉོ་དགོས་པ་སོགས་ཀྱི་རྙོག་དྲ་མང་པོ་ཡོད།

དེ་རིང་ ༢༠༢༦ ཟླ་ ༡༡ ཚེས་ ༡༦ ཉིན་ངའི་དྲ་ཚིགས་འདི་ WordPress བཞག་ནས་དྲ་ཚིགས་ཀྱི་བཟོ་རྩལ་གསར་པ་ཞིག་ཏུ་སླེབས་སོང་། ཐབས་ལམ་འདིའི་ཐོག་ནས་དྲ་ཚིགས་གཅིག་བཟོས་ཚར་རྗེས་གསར་སྒྱུར་ (Update) གང་ཡང་བྱེད་མི་དགོས་ལ། དྲ་ཚིགས་ནང་རྩོམ་ཡིག་སྤེལ་སྟངས་ཟུར་དུ་ཤེས་མི་དགོས། ཁྱེད་ཀྱིས་ Microsoft Word ནང་པར་གཅིག་བླུགས་ཏེ་རྩོམ་ཡིག་ཅིག་བྲིས་རྗེས། དྲ་ཚིགས་ཡིག་ཆ་འཇོག་སའི་ནང་ཡར་འཇུག་ (Upload) བྱས་ན་རྩོམ་ཡིག་དེ་མ་ཐག་དྲ་ཐོག་ཏུ་ཤར་ཐུབ་པ་ལས་གཞན་གང་ཡང་བྱེད་མི་དགོས།

ད་ལྟ་ཁྱེད་ཀྱིས་ཀློག་བཞིན་པའི་རྩོམ་ཡིག་འདི་ཡང་ངས་དེ་ལྟར་བྱས་ནས་སྤེལ་བ་ཞིག་རེད། ཕྱི་ཚུལ་ནས་དྲ་ཚིགས་འདི་གཞན་དང་ཁྱད་པར་མི་མཐོང་ཡང་། རྒྱབ་ལྗོངས་ཀྱི་བྱེད་ལས་ནི་སྔར་མེད་པའི་དྲ་ཚིགས་བཟོ་སྟངས་ཤིག་རེད། གང་འདྲ་འདུག །ངས་དྲ་ཚིགས་འདི་གསར་བཟོ་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ད་ནས་བཟུང་ WordPress དང་ Plugin སོགས་གང་ལའང་བརྟེན་མི་དགོས་པར། ཇུས་འགོད་པ་ཞིག་གི་རིག་པའི་རྩལ་སྤྱད་ནས་དྲ་ཚིགས་གང་འདྲ་ཞིག་ཡིན་ཡང་བཟོ་ཐུབ་པ་བྱ་རྒྱུ་དེ་ཡིན།

Page 1 of 1