དཔེ་དེབ་དྲྭ་ཚིགས་གསར་པ། www.lwabooks.com
དེ་རིང་ཁྱེད་རྣམ་པར་དགའ་འོས་པའི་གཏམ་བཟང་ཞིག་ཞུ་རྒྱུ་ཡོད་པ་ནི། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་ཞུས་པའི་དཔེ་དེབ་རྣམས་དྲྭ་ཐོག་ནས་སྟབས་བདེ་པོས་འཚོལ་ཞིབ་དང་ལྟ་ཀློག་བྱ་སའི་དྲྭ་ཚིགས་གསར་པ་ www.ltwabooks.com ཞེས་པ་དེ་དངོས་སུ་ཤར་གཏོང་ཞུས་ཡོད། དྲྭ་ཚིགས་འདི་ནི་གུས་པས་ལས་ཞོར་དང་སྒེར་གྱི་དུས་ཚོད་མི་ཉུང་བ་ཞིག་བཏང་ནས་ཇུས་འགོད་དང་བཟོ་སྐྲུན་བྱས་པ་ཞིག་ཡིན། དྲྭ་ཚིགས་འདིའི་སྒྲོམ་གཞི་ནི་གུ་གུལ་བྷོ་ལོག་གར་ (Google Blogger) སྤྱད་ནས་བཟོས་པ་ཞིག་ཡིན་ཞིང་། མིག་སྔར་ཕྱི་ལོ་ ༢༠༢༡ ནས་ ༢༠༢༦ བར་གྱི་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་རྣམས་ཀྱི་ངོ་སྤྲོད་དང་གནས་ཚུལ་ཆ་ཚང་ནང་འཇུག་བྱས་ཟིན་ཡོད།
དྲྭ་ཚིགས་འདིའི་ནང་དཔེ་དེབ་རྣམས་བོད་ཡིག་དང་། དབྱིན་ཡིག དེ་བཞིན་ཧིན་དྷི་ (Hindi) བཅས་སྐད་ཡིག་གི་སྡེ་ཚན་གཙོ་བོ་གསུམ་དུ་དབྱེ་ཡོད། བོད་ཡིག་དཔེ་དེབ་རྣམས་ནང་གསེས་སུ་ལོ་རྒྱུས་དེབ་ཕྲེང་དང་། སྐད་ཡིག་དེབ་ཕྲེང་། ནང་ཆོས་དེབ་ཕྲེང་། རྣམ་ཐར་དེབ་ཕྲེང་། ཤཱཀྱ་ཐུབ་པའི་དེབ་ཕྲེང་། ཀུན་ཕན་དེབ་ཕྲེང་། སྣ་ཚོགས་དེབ་ཕྲེང་སོགས་དེབ་ཕྲེང་སོ་སོར་གོ་རིམ་ལྡན་པར་དབྱེ་ཡོད། དེ་བཞིན་པར་སྐྲུན་བྱས་པའི་ལོ་ཚིགས་ལྟར་གཟིགས་འདོད་ན། ཟུར་གྱི་ལོ་གྲངས་སྡེ་ཚན་ཐོག་མནན་ནས་སྟབས་བདེ་པོས་འཚོལ་ཞིབ་བྱེད་ཐུབ།
དྲྭ་ཚིགས་ཀྱི་ཇུས་འགོད་མཛེས་ཉམས་དང་བཀོད་སྒྲིག་ཁྱད་ཆོས།
དྲྭ་ཚིགས་འདི་ཇུས་འགོད་ (UI/UX Design) བྱེད་སྐབས། ཀློག་པ་པོའི་མིག་ལ་མཛེས་ཤིང་བེད་སྤྱོད་གཏོང་བདེ་བའི་དེང་རབས་ཀྱི་ཇུས་འགོད་ལྟ་གྲུབ་གཙོ་བོར་བཟུང་ཡོད། དྲྭ་ངོས་སྤྱི་ཡོངས་དཀར་གཙང་ (Minimalist White Layout) གི་རྣམ་པར་བཞག་སྟེ། དཔེ་དེབ་སོ་སོའི་མདུན་ཤོག་གི་ཚོན་མདངས་དང་རི་མོའི་མཛེས་ཆ་མངོན་གསལ་དོད་པོར་མཐོང་ཐུབ་པ་བཟོས་ཡོད། དེ་དང་མཉམ་དུ་དམར་སེར་མདངས་ཅན་ (Warm Coral Accent) གྱི་ཚོན་མདོག་སྡེབ་སྦྱོར་བྱས་པ་དེས། བོད་ཀྱི་སྲོལ་རྒྱུན་གྱི་དྲོད་ཁོལ་དང་དེང་རབས་དྲྭ་རྒྱའི་མཛེས་ཉམས་གཉིས་ཟུང་འབྲེལ་བྱས་ཡོད། མདུན་ངོས་ཀྱི་སྟོད་དུ་དཔེ་དེབ་གསར་ཐོན་དབུ་འབྱེད་ཀྱི་རྩེ་གྲས་བཀོད་སྒྲིག་ (Featured Carousel) དང་། དྲྭ་མིག་གྲལ་བསྒྲིགས་ (Card Grid Layout) ལམ་ནས་དཔེ་དེབ་རེ་རེ་ཁ་གསལ་ཞིང་གྲལ་དག་པོར་བཀོད་ཡོད་པ་མ་ཟད། གཡས་ཟུར་གྱི་སྟེང་དུ་མཚན་མོའི་ལྟ་ཀློག་རྣམ་པ་ (Dark Mode) སྒྱུར་བྱེད་ཀྱི་མཐེབ་གཅུས་བཞག་ཡོད་པས། མཚན་མོའི་དུས་སུ་དྲྭ་ཚིགས་ལྟ་ཀློག་བྱེད་སྐབས་མིག་ལ་གནོད་སྐྱོན་མི་ཡོང་བའི་ཁྱད་ཆོས་ལྡན་ཡོད། དེ་བཞིན་གློག་ཀླད་དང་ལག་ཐོགས་ཁ་པར་གང་གི་ནང་དུའང་དྲྭ་ངོས་རང་འགུལ་གྱིས་སྙོམས་སྒྲིག་ (Responsive Design) ཐུབ་པར་བཟོས་ཡོད།
དྲྭ་ངོས་སུ་དཔེ་དེབ་རྣམས་གསར་ཤོས་ནས་རྙིང་ཤོས་བར་གོ་རིམ་ལྟར་བསྒྲིགས་ཡོད་ཅིང་། དཔེ་དེབ་རེ་རེ་ལ་མདུན་ཤོག་གི་པར་རིས་དང་། པར་སྐྲུན་ལོ་ཚིགས། དཔེ་རྟགས་ཨང་། དཔེ་ཕྲེང་གང་ཡིན། དེ་བཞིན་དཔེ་དེབ་སྐོར་གྱི་ངོ་སྤྲོད་བཅས་ཞིབ་ཕྲ་བཀོད་ཡོད། དཔེ་དེབ་གང་རུང་གི་མདུན་ཤོག་ཐོག་མནན་ན། གུ་གུལ་དཔེ་དེབ་ (Google Books) བརྒྱུད་དེ་དཔེ་དེབ་དེའི་ནང་དོན་བརྒྱ་ཆ་བཅུ་ (10% Preview) རིན་མེད་ཐོག་ལྟ་ཀློག་བྱེད་ཐུབ།
ནང་དོན་བརྒྱ་ཆ་བཅུ་ལྟ་ཀློག་བྱེད་ཐུབ་པའི་མཐུན་རྐྱེན་འདིས་ཀློག་པ་པོ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོད་དེ། དཔེ་དེབ་ཀྱི་དཀར་ཆག་ཆ་ཚང་ཤེས་ཐུབ་པ་མ་ཟད། དཔེ་དེབ་འདིའི་བརྗོད་བྱ་དང་རྩོམ་འགྲོས་ཀྱི་བྲོ་བ་རོབ་ཙམ་མྱོང་རྒྱུ་རག་ཐུབ། བརྒྱ་ཆ་བཅུ་དེ་ཀློག་ཞོར་དུ་གལ་ཏེ་དཔེ་དེབ་ཆ་ཚང་ལྟ་ཀློག་བྱེད་འདོད་ན། དེབ་ཀྱི་རིན་པ་ཆ་ཚང་སྤྲད་དེ་འཕྲུལ་དེབ་ (eBook) འདི་རང་སོ་སོའི་གློག་ཆས་ནང་ཕབ་ལེན་བྱེད་པའམ་དྲྭ་ཐོག་ནས་ཐད་ཀར་ཀློག་ཐུབ་རྒྱུ་ཡོད། འོན་ཀྱང་དྲྭ་གནས་འདི་བརྒྱུད་ནས་ཉོས་པའི་དཔེ་དེབ་རྣམས་འཕྲུལ་དེབ་ཀྱི་ངོ་བོ་ཡིན་པས་དེ་དོན་དགོངས་པར་མངའ་བར་ཞུ།
མཐའ་དོན་འདིར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཞིག་ལ། དྲྭ་ཚིགས་འདི་བཞིན་རྒྱ་ཆེའི་ཀློག་པ་པོ་མི་མང་གིས་ལྟ་ཀློག་ཐུབ་པ་ཡོང་ཆེད། དྲྭ་ཚིགས་ཁ་བྱང་ཉོ་གླ་དང་མུ་མཐུད་དོ་དམ་བྱ་རྒྱུའི་འགྲོ་གྲོན། དེ་བཞིན་དཔེ་དེབ་ཆ་ཚང་རིམ་པས་ནང་འཇུག་བྱ་རྒྱུ་བཅས་ལ་འདི་ག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ནས་སྒེར་གྱི་ངོས་ནས་ཐུགས་འཁུར་ཆེན་པོས་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་དྲྭ་ཚིགས་འདིའི་ནང་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་ཡོངས་རྫོགས་འཐུས་ཚང་བསྡུ་ཐུབ་པའི་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་ཀྱང་ www.ltwabooks.com ཐོག་ཕེབས་ནས་དྲྭ་ཚིགས་ཀྱི་བཀོད་སྒྲིག་དང་དཔེ་དེབ་ཁག་ལ་གཟིགས་ཞིབ་གནང་བ་དང་སྦྲགས། དགོངས་འཆར་གང་ཡོད་ལྷུག་པོར་གནང་བར་དགའ་བསུ་ཞུ།