ང་དང་སྦྱིན་བདག་ཆེན་པོ། Boss and Me 杉杉來了

ཕྲན་ནི་རྒྱ་སྐད་གློག་བརྙན་དང་གཏམ་རྒྱུད་ལ་བལྟ་རྒྱུ་ཧ་ཅང་དགའ་པོ་ཡོད། དེ་སྔོན་ཕྲན་གྱི་བལྟས་ཟིན་པའི་རྒྱ་ནག་གི་གློག་བརྙན་འགའ་དྲ་ཚིགས་འདིའི་རྒྱུད་ངོ་སྤྲོད་ཞུ་ཁུལ་བྱས་པ་ཡིན། འོན་ཀྱང་གློག་བརྙན་སྐོར་གྱི་ཟིན་བྲིས་རེ་རེ་བཀོད་རྗེས་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་མང་པོ་ཞིག་སླེབས། དཔེར་ན། དྲ་ཚིགས་ནང་གློག་བརྙན་སྐོར་བཀོད་ན། དྲ་ཚིགས་གཟིགས་མཁན་གྱི་དུས་ཚོད་འཕྲོག་བརླག་ཏུ་བཏང་གཞི་ཞིག་ཆགས་པ་མ་ཡིན་ནམ། དྲ་ཚིགས་འདི་ནང་གློག་ཀླད་དང་ཤེས་བྱའི་སྐོར་གཙོ་བོ་ཡིན་པས་གློག་བརྙན་སྐོར་བཀོད་ན་འཚམས་པོ་ཡོད་དམ། མ་ཟད་གུས་པས་བཀོད་འདོད་ཡོད་པ་ནི་རྒྱ་སྐད་དང་རྒྱ་ནག་གི་གློག་བརྙན་ཡིན་དུས་སྐབས་ཤིག་རིང་མཚམས་བཞག་པ་ཡིན།

འོན་ཀྱང་དུས་དུས་སུ་དྲ་གྲོགས་མི་ཉུང་བ་ཞིག་གིས་ད་དུང་གློག་བརྙན་ཡག་པོ་གཞན་ཡོད་མེད་ཀྱི་ཡིག་འཕྲིན་འབྱོར་གྱི་འདུག །དེར་བསམ་གཞིགས་ལེགས་པོ་ཞིག་བྱེད་དུས་ངའི་བསམ་པར་སྤྱིར་བཏང་དྲ་ཚིགས་འདི་ནི་སྒེར་གྱི་ཟིན་བྲིས་ཞིག་ཡིན་པ་དང་ནང་དོན་གང་བཀོད་གཙོ་རང་ཉིད་ཀྱི་འདོད་པ་ཡིན་པ། གཉིས་ནས་དྲ་རྒྱའི་ཐོག་ཤེས་བྱ་ཡག་སྡུག་གང་བཀོད་ཀྱང་མཐའ་མ་དྲ་ཚིགས་ལ་བལྟ་མཁན་ཚོའི་གང་འདོད་རེད། གསུམ་ནས་གལ་ཏེ་གུས་པས་ཟིན་བྲིས་ཞིག་སྤེལ་འདོད་ཡོད་པ་དང་། དེ་སྤེལ་དགོས་མིན་གྱི་ཐེ་འཚོམ་གྱི་དྲ་བའི་ཐོག་བསྡད་ན་མ་འོངས་ལས་གསར་མང་པོ་ཞིག་ལ་ཡང་ཐག་ཆོད་དཀའ་བའི་དུས་ཞིག་འཆར་ངེས། དེར་བརྟེན་དྲ་ཚིགས་སུ་རང་ཉིད་ཀྱིས་གང་བཀོད་འདོད་པ་དེ་བཀོད་ཀྱང་ཡིན། དྲ་གྲོགས་ཚོས་ཀྱང་གང་ཞིག་ཀློག་འདོད་པ་དྲ་གྲོགས་ཚོ་ལ་འདེམས་ག་འཇོག་དགོས་སེམས།

དེར་གཤམ་དུ་གུས་པས་ཉེ་དུས་གློག་བརྙན་འགའ་ཤས་ཞིག་བལྟས་པའི་ནང་གློག་བརྙན་ཡིད་དབང་འགུལ་ཐུབ་པ་ཞིག་ཡོད། སྒྲུང་གི་ནང་དོན་གཙོ་བོ་ནི། མི་ཚང་སྤྱིར་བཏང་ཞིག་གི་བུ་མོ་ ཧྲན་ཧྲན་ ཟེར་བ་ཞིག་གྲོང་ཁྱེར་གྱི་མཉན་ཆས་ཀུང་སི་སྐད་གྲགས་ཡོད་པ་ཞིག་ནང་ལས་ཀ་རགས། ཁོང་མོའི་བསམ་པར་དེ་ནི་རླུང་ལྟ་རྒྱུགས་པ་རེད་སྙམ། འོན་ཀྱང་དེ་གཙོ་བོ་ཁོང་མོའི་ཁྲག་ནི་ AB Rhesus Negative ཡིན་པ་དང་། ཀུང་སི་དེས་ལས་མི་འདུ་རུབ་བྱེད་སྐབས་ཁྲག་ AB Rhesus Negative ཡོད་མཁན་ལ་དམིགས་བསལ་ཡོད་པ་དེ་ཡིན། ཉིན་ཞིག་ཀུང་སིའི་སྦྱིན་བདག (མིང་ལ་ ཧྥང་ཐང་) གི་གཅུང་མོར་ཁྲག་གི་ཞལ་འདེབས་ཆེད་ཁོང་མོ་ཡོང་དགོས་པའི་ཁ་པར་འབྱོར། ཧྲན་ཧྲན་ནི་བུ་མོ་སེམས་བཟང་ཅན་ཞིག་ཡིན་དུས་ཁྲག་ལམ་སེང་སྤྲད། སྨན་ཁང་དུ་ ཧྲན་ཧྲན་ གྱིས་རང་ཉིད་ལས་ཀ་བྱེད་སའི་སྦྱིན་བདག་ཐོག་མར་ངོ་འཕྲད་བྱུང་བ་རེད།

ཧྥང་ཐང་གི་གཅུང་མོ་ དབྱོན་ཧྲུ་ ཡིས་ཧྲན་ཧྲན་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཉིན་དགུང་གི་ཁ་ལག་བསྐུར་ཀྱང་བྱས་པ་རེད། དེས་ཕྱོགས་གཅིག་ནས་ལས་རོགས་ཚོས་ཧང་སང་སང་དང་། རྒྱབ་བཤད་མང་པོ་ཆགས། ཧྲན་ཧྲན་ནི་ལས་རོགས་ཚོའི་རྒྱབ་བཤད་ལ་མ་བཟོད་པར་ཀུང་སེའི་ཐོག་རྩེགས་ ༢༢ གྱི་འཁྱམ་རྭའི་ནང་ཁ་ལག་ཟ་རུ་ཕྱིན། སྦྱིན་བདག་ཆེན་མོ་ ཧྥང་ཐང་ ནི་ཐོག་བརྩེགས་ ༢༢ ཀྱི་ནང་ངོས་སུ་ཡོད། ཧྥང་ཐང་དང་ཧྲན་ཧྲན་གྱི་ཁ་ལག་ཟ་སའི་འཁྱམ་རྭ་དེ་གཉིས་དབར་ཤེལ་ཁྲ་གཅིག་ལས་མེད། ཤལ་ཁྲ་དེ་ནི་ ནང་ངོས་ནས་ཕྱི་ལ་གསལ་པོ་གསལ་ཀྱང་མཐོང་ཐུབ་པ་དང་ཕྱི་ལོགས་ནས་ནང་ལོག་ལ་གང་ཡང་མཐོང་མི་ཐུབ་པ་ཞིག་ཡིན།

ཧྲན་ཧྲན་ཉིན་དགུང་ཁ་ལག་དེར་ཟ་རུ་ཡོང་འགོ་བཙུགས། ཧྲན་ཧྲན་ཁ་ལག་ཧ་ཅང་ཡག་པོ་ཟ་བ་དང་། སྤྲོ་སྣང་རང་བཞིན་ལྡན་པ། དེ་བཞིན་ཁ་ལག་ཟས་ཚར་རྗེས་རང་ཉིད་རང་ཉིད་ལ་སེམས་ཤུགས་སྤར་བའི་ཞབས་བྲོ་ཆུང་ཆུང་ཞིག་འཁྲབ་ཀྱི་ཡོད། ཧྥང་ཐང་གིས་དེ་དག་མཐོང་སྐབས་རང་ཉིད་ཀྱང་ཟས་ཀྱི་གདང་ག་སླེབས་པ་དང་། ཉིན་ལྟར་ཁོ་མོ་འཁྱམ་ར་དེའི་ནང་ཡོང་བའི་རེ་སྒུག་བྱེད་རྒྱུ་ཞིག་ཆགས། དེ་ནས་རིམ་པས་ཧྥང་ཐང་གིས་ཁོ་མོའི་ བཅོས་མིན་གྱི་ཤེས་སྤྱོད་བཟང་པོ་དང་། སེམས་ཆུང་བ། རང་བཞིན་གྱི་ཁྱད་ཆོས་མང་པོ་ཞིག་ལ་ཡིད་དབང་ཤོར་འགོ་བཙུགས།

ཧྥང་ཐང་གི་གཅུང་མོ་ དབྱོན་ཧྲུ་དང་ཟླ་བོ། མི་ཚེ་དངོས་གནས་ནང་བཟའ་ཚང་རེད།

ཧྥང་ཐང་གིས་ལོ་ཆུང་ཆུང་ནས་ཀུང་སི་ཆེན་པོ་འདིའི་འགན་ཆ་ཚང་འཁྱེར་དགོས་བྱུང་། དེས་ཁོང་གྱི་ཕྱི་ཚུལ་ལ་རང་བཞིན་གྱིས་ཆ་ཉུང་བ་དང་ལས་ཀར་ནན་ཏན་ཅན། ལས་ཁུངས་སུ་སྒམ་པོར་གནས་དགོས་ཀྱི་ཡོད། དེར་བརྟེན་རང་ཉིད་ཀྱི་ཚོར་བ་རྣམས་ཐད་ཀར་ཧྲན་ཧྲན་ལ་བཤད་མ་ཤེས་པ་དང་མར་འབབ་མི་ཐུབ་པའི་དཀའ་བྱུང་།

ཧྥང་ཐང་གི་གྲོགས་པོ་ཇིང་ཧྲོས་དང་། ཧྥང་ཐང་དང་ཆུང་དུས་ནས་མཉམ་དུ་འཚར་ལོངས་བྱུང་བའི་གཅུང་མོ།

ཧྥང་ཐང་ གིས་ གཅུང་མོས་ ཧྲན་ཧྲན་ལ་ཉིང་དགུང་ཞལ་ལག་བསྐུར་བ་དེ་ནི་ཁོ་བོར་དམིགས་བསལ་གྱི་གོ་སྐབས་ཤིག་ཏུ་མཐོང་ནས་ ཧྲན་ཧྲན་གྱི་འདོད་མིན་ལ་མ་ལྟོས་པར་ཉིན་དགུང་ཞལ་ལག་རང་ཉིད་ཀྱི་ལས་ཁུངས་ཟ་རུ་ཡོང་དགོས་པའི་ཆ་རྐྱེན་བཟོས། ཧྲན་ཧྲན་ ནི་ཀུང་སི་འདིའི་ལས་མི་ཆུང་ཆུང་ཞིག་ཡིན་དུས་སྦྱིན་བདག་ཆེན་མོའི་བཀའ་ལ་མ་ཉན་དཀའ་མེད་ཆགས། དུས་ཡུན་གང་མཚམས་ནས་ཧྲན་ཧྲན་གྱིས་ཉིན་དགུང་ཁ་ལག་སྦྱིན་བདག་སར་འགྲོ་གི་མིན་ལབ་དུས། ཧྥང་ཐང་གིས་ཁོ་མོར་ཉས་ཆད་གཅོག་རྒྱུ་དང་། ཉས་ཆད་ནི་སྦྱིན་བདག་གི་ཚལ་དབྱེ་འབྱེད་བྱེད་དགོས་པའི་ཆ་རྐྱེན་བཟོས། ཧྥང་ཐང་ནི་སྙད་སྐོ་རྒྱུ་དང་ཆ་རྐྱེན་དང་གྲོལ་མོལ་བཟོ་རྒྱུ་མཆོག་ཏུ་འགྱུར་བ་ཞིག་ཡིན་སྟབས་ ཧྲན་ཧྲན་ ལ་ཐབས་ཤེས་གང་ཡང་མ་རྙེད།

ཐོག་མར་ཧྥང་ཐང་གིས་ཁོང་མོར་རྩེད་མཚར་ཁོ་ན་ལས་རང་ཉིད་ཀྱི་ཚོར་བ་ཤོད་ཐུབ་ཀྱི་མེད། སྦྱིན་བདག་ཆེན་མོའི་རྩེད་མཚར་ནི་ ཧྲན་ཧྲན་ ལ་ལྗིད་ཁོག་ཞིག་དང་བཙན་བཀའ་དེ་བཞིན་ཕོག་ཐུག་འགྲོ་གི་ཡོད་པ་རྗེས་སུ་ཤེས་དུས། ཧྥང་ཐང་གིས་གཞི་ནས་ ཧྲན་ཧྲན་ ལ་རོགས་ཕན་དང་བལྟ་སྐྱོང་བྱེད་པའི་ཆོད་སེམས་སླེབས། དེ་ལྟར་སྒྲུང་གི་ནང་དོན་ཆ་ཚང་བཤད་མི་དགོས་པར་ཁྱེད་ཀྱིས་རིམ་པས་གཟིགས་རོགས།

གློག་བརྙན་ནང་གི་འཁྲབ་སྟོན་མི་སྣ་རྣམས་ཧ་ཅང་ཡག་པོ་འདེམས་སྒྲུག་བྱེད་ཡོད་པ་དང་། འཁྲབ་མི་རེ་རེས་རང་ཉིད་ཀྱི་རྣམ་འགྱུར་དང་སྐད་ཆ་བཤད་སྟངས་ཧ་ཅང་ཡག་པོ་འདུག འཁྲབ་མི་གཙོ་བོ་ ཧྥང་ཐང་དང་ཧྲན་ཧྲན་ཡིན་ཀྱང་། འཁྲབ་ཚན་ནང་གི་མི་སྣ་གཞན་ཚོས་ཀྱང་རང་རང་ལ་དཔག་པའི་ལྟད་མོ་ལེགས་པོ་འཁྲབ་འདུག

Share on facebook
Share on twitter
Share on email
Share on whatsapp
Share on telegram
Share on pinterest

འབྲེལ་ཡོད་རྩོམ་ཡིག་གཞན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

བཀྲ་ཤིས་བདེ་ལེགས།

སྐུ་ཉིད་ནས་རྒྱུན་རིང་དྲ་གནས་འདིར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན། གུས་པ་ནི་དྲ་ཚིགས་དང་དཔེ་དེབ་སོགས་ཀྱི་ཇུས་འགོད་པ་ཞིག་ཡིན། དུས་ཚོད་སྟོང་པ་དང་ཞར་ཞོར་ལ་ཇུས་འགོད་ཇི་བྱས་སྐོར་གྱི་རྩོམ་ཡིག་སྤེལ་བའམ། དེ་བཞིན་སྐུ་ཉིད་ལ་ཐུགས་རེ་སྐོང་ཐུབ་པའི་གློག་ཀླད་དང་ཁ་པར་སྐོར་གྱི་ཤེས་བྱ་གང་མང་སྤེལ་བཞིན་ཡོད། གལ་ཏེ་གུས་པར་ཐད་ཀར་འབྲེལ་བ་བྱེད་དགོས་པ་འདྲ་བྱུང་ན།

ཉེ་ཆར་བཀོད་པའི་མཆན།